[A:༣༥༡]པའི་ལུགས་ཀྱིས་མོ་བྱའི་ལོར་ཡུམ་ལ་གནོད་པ་མེད་ཅིང་བདེ་བ་དང༌། འབྱོར་པ་དང༌། ལོ་ལེགས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་མཐུན་པར་བལྟམས་སོ། །དེ་ལྟར་བལྟམས་པའི་ཁྱེའུ་དེ་ནི་གཟུགས་བཟང་ཞིང་ལྟ་བས་ཆོག་མི་ཤེས་པ། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞིག་སྟེ། ཡབ་ཡུམ་རྣམས་ཀྱིས་མཚན་པདྨ་ཕྲིན་ལས་ཞེས་བྱ་བར་གསོལ་ཏོ། །དེ་ནས་ན་ཚོད་དང་མཐུན་པའི་ཁ་ཟས་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་རྫིང་བུའི་ནང་གི་པདྨོ་བཞིན་དུ་རིམ་གྱིས་བསྐྱེད་བསྲིངས་ཏེ་ཅུང་ཟད་མནོ་ཤེས་པ་ནའང༌། གཞོན་ནུ་དེ་ནི་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པའི་སྟོབས་ཀྱིས་རིགས་ཀྱི་ཡོན་ཏན་ཁྱད་པར་ཅན་སད་དེ། ཡབ་ཡུམ་དང་རྒན་པ་རྣམས་ལ་གུས་ཤིང༌། དམན་པ་རྣམས་ལ་རྗེས་སུ་བརྩེ་བ་དང༌། བཞིན་འཛུམ་པ་དང༌། གསོང་པོར་སྨྲ་བ་དང༌། ཁྲོ་བ་མི་མངའ་བ་དང༌། གཙང་སྦྲ་ཆེ་བ་ལ་སོགས་པ་འགྲོ་བ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་ནུས་པ་ཞིག་ཡོད་ཅེས་ཐོས་ལ། ཁྱད་པར་དུའང་ཁྱིམ་ན་གནས་པ་ནི་དུག་ཅན་གྱི་ཟས་བཞིན་དུ་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་སུ་གཟིགས་ཏེ། རབ་ཏུ་བྱུང་བ་ལ་སྐོམ་པ་ཆུ་འདོད་པ་ལྟ་བུའི་སྒོ་ནས་ཞལ་ནས་ཀྱང༌། ང་བཙུན་པ་བྱེད་པ་ཡིན་ཁོ་ན་གསུངས་ཤིང༌། དགུན་གྲང་བའི་སྐབས་སུའང་ཡབ་ཡུམ་རྣམས་ཀྱིས་པགས་པའི་ན་བཟའ་ཞིག་བཟོ་བར་མཛད་ཀྱང༌། དེ་ལ་ཐུགས་སྐྲག་པའི་སྣང་བས་གཏན་ནས་མི་བཞེས་པ་དང༌། དེས་མཚོན་པའི་རྒྱུན་གྱི་ན་བཟའ་རྣམས་ཀྱང་དམར་པོ་འབའ་ཞིག་ལས་དཀར་པོ་དང་ཁྲ་བོའི་རིགས་མི་གསོལ་བ་དང༌། གཞན་ཡང་ཐ་མལ་པའི་རྩེད་མོ་དང་འདུ་འཛིའི་རིགས་ལ་མི་དགྱེས་ཤིང༌། དེའི་སྟོབས་ཀྱིས་བྱིས་པ་གཞན་དང་ལྷན་ཅིག་བྱོན་པའི་ཚེའང༌། ཐོག་མར་རྩེ་མོའི་རྣམ་པ་ཅུང་ཟད་རེ་མཛད་ནས། སླར་རང་ཉིད་སུའང་མེད་པའི་ས་ཕྱོགས་དབེན་པ་དག་ཏུ་