[A:༤༢༥]ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཁྲི་མཇལ་ལ་ཕེབས་ཏེ། ས་སྐྱ་གཞུང་དུ་མཎྜལ་སྐུ་གསུང་ཐུགས་རྟེན། ཚན་གྲངས་དང་མཆོད་ཆའི་རིགས་སྣ་ཚོགས་པ། མ་ཧཱ་ཙི་ནའི་ཡུལ་གྱི་ལྗོན་འདབ་འཁོར་དྲུག་བཅུ་གསུམ། རྒྱ་དངུལ་འདེགས་སྲང་ཉེར་ལྔ། རྟ་གཉིས་བཅས་དང༌། འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ་སྐུ་སྒེར་གྱི་འབུལ་བར་ཚན་གྲངས་སྣ་ཚོགས་པ་དང༌། ལྗོན་ཇ་འཁོར་དྲུག་ལྔ། བོད་དངུལ་ཊམ་སྲང་བཅོ་ལྔ་བཅས་དང༌། སྔགས་འཆང་གྲུབ་པའི་དབང་ཕྱུག་ངག་དབང་ཀུན་དགའ་རིན་ཆེན་པ་དང༌། བསྟན་དང་འགྲོ་བའི་དཔལ་གྱུར་མགོན་པོ་དངོས་གྲུབ་དཔལ་འབར་བ་དང༌། འཇམ་མགོན་ཐམས་ཅན་མཁྱེན་པ་ངག་དབང་ཀུན་དགའ་རྒྱལ་མཚན་བཅས་ཀྱི་སྐུ་སྒེར་སོ་སོར་ཚན་གྲངས་རིགས་སྣ་ཚོགས་པ་དང༌། ལྗོན་ཇ་འཁོར་དྲུག་བཞི་རེ་བཅས་དང༌། གདུང་སྲས་རིན་པོ་ཆེ་ངག་དབང་རྡོ་རྗེ་རིན་ཆེན་པ་དང༌། ངག་དབང་བཀྲ་ཤིས་རིན་ཆེན་བཅས་ཀྱི་སྐུ་སྒེར་སོ་སོར་ལྗོན་འདབ་འཁོར་དྲུག་གཉིས་རེའི་གཙོས་པའི་ཚན་གྲངས་ཁ་ཤས་རེ་དང༌། རྗེ་བཙུན་མ་ཁག་རྣམས་དང༌། ལྷ་ཁང་མཁན་རིན་པོ་ཆེ་དང༌། ས་སྐྱ་ཞབས་པད་བཅས་སུའང་ལྗོན་ཇ་འཁོར་དྲུག་རེ་རེའི་གཙོས་པའི་ཚན་གྲངས་ཁ་ཤས་དང༌། གཞན་ཡང་གསོལ་གཟིམ་མཆོད་གསུམ་དང༌། མགྲོན་གཉེར་དང༌། དྲུང་ཡིག་དང༌། ལྡེ་ཕྱུང་བ་དང༌། རྩྭ་གཉེར་དང༌། ཤིང་གཉེར་སོགས་ལའང་རང་རང་གི་གོ་བབས་དང་བསྟུན་པའི་གནང་སྦྱིན་གང་ལ་གང་འོས་དང༌། ཁྱད་པར་ཆོས་སྡེ་ལྷོ་བྱང་གི་ལྷ་ཁང་ཁག་རྣམས་སུ་བཞུགས་པའི་རྟེན་གསུམ་ངོ་མཚར་བ་རྣམས་ཀྱི་མདུན་དུ་མཆོད་པའི་ཁྱད་པར་ཤིན་ཏུ་རྒྱ་ཆེ་བ་དང༌། སྤྲུལ་པའི་ལྷ་ཁང་ཆེན་མོར་དགེ་འདུན་འདུས་པ་བརྒྱ་མཚོའི་ཚོགས་ལ་མང་ཇ་གྲལ་འགྱེད་དང་བཅས་པའི་བསྙེན་བཀུར་