[A:༤༢༤]གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབུ་བཙུགས་པ་ནས་བཟུང་སྟེ། དགུང་གྲངས་ང་བཞིར་སོན་པ་ཆུ་སྟག་ལོའི་བར་མཁན་པོ་ལོ་བདུན་མཛད། ལོ་རེ་བཞིན་དགུན་གྱི་དུས་སྟོད་སྨད་བར་གསུམ་ནས་འདུས་པའི་དོན་དུ་གཉེར་བ་མང་དུས་ཉིས་བརྒྱ་ལྷག་ཙམ་དང༌། ཉུང་དུས་ཕྱེད་ཉིས་བརྒྱ་བསྐོར་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་ཀྱི་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ཁྲིད་དང༌། རྒྱབ་རྟེན་ལུང་དང་བཅས་པ་ཡོངས་སུ་རྫོགས་པའི་ཚར་བདུན་དང༌། དཔྱིད་ཀྱི་དུས་དེ་དག་ཐམས་ཅད་ལ་དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་གི་སྡོམ་པ་རྣམས་ལེགས་པར་འབོགས་པར་མཛད་ཅིང༌། འོན་ཀྱང་དགུང་གྲངས་ལྔ་བཅུར་སོན་པ་ས་ཁྱི་ལོར་ལམ་འབྲས་གྲུབ་མཚམས་སུ་མགུལ་ཆམ་ལྟ་བུས་ཅུང་ཟད་སྙུན་ཚུལ་བཞེས་པ་ལ་བརྟེན་ནས། དེ་ལོའི་གྲྭ་གསར་རྣམས་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་རྣམས་གཅེན་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་སྩལ་བར་མཛད་དོ། །གཞན་ཡང་དེ་དག་གི་བར་སྐབས་རྣམས་སུའང་གདུལ་བྱ་སོ་སོའི་མོས་པ་དང་བསྟུན་ཏེ་དབང་དང༌། རྗེས་གནང་དང༌། ལུང་ལ་སོགས་པ་ཆོས་ཀྱི་བདུད་རྩིའང་ཅི་རིགས་པ་སྩལ་ཏེ་གདུལ་བྱ་རྣམས་ཀྱི་རྣམ་པར་གྲོལ་བའི་ལོ་ཏོག་མཐའ་དག་ཆེས་ཆེར་རྒྱས་པར་མཛད་དོ། །ཆོས་ཀྱི་བདུད་རྩི་སྩལ་བ་དེ་དག་ཀྱང་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་ལ་དགོངས་ཏེ། ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་སླ་ཆོས་སུ་མ་སོང་བར་དགག་སྒྲུབ་ཀྱི་བཅའ་བ་དམ་པོ་མཛད་པ་ནི་མཁས་པ་རྣམས་ཀྱིས་བསྔགས་པའི་གནས་སུ་གྱུར་པའི་རྣམ་ཐར་ངོ་མཚར་བ་ཞིག་གོ །དགུང་གྲངས་ཞེ་དགུར་སོན་པ་མེ་བྱ་ལོའི་ཧོར་ཟླ་ལྔ་པའི་ནང་བོད་ཀྱི་རྡོ་རྗེ་གདན་དཔལ་