[A:༤༢༦]ཕུན་སུམ་ཚོགས་པ་སྟོབ་པར་མཛད་ཅིང༌། དེ་སྐབས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ནས། སྔོན་གྱི་དུས་སུ་ངོར་པ་ཞེས་ཐམས་ཅད་ཀྱིས་སྒྲིག་ལམ་དམ་པའི་ཚད་བཞག་ས་ལྟ་བུ་ཡིན་ནའང༌། དུས་ཕྱིས་དགེ་འདུན་གྱི་སྒྲིག་ཇེ་ལྷོད་ཇེ་ཡང་དུ་སོང་བར་བརྟེན། ད་ཆ་སྔར་གྱི་རྩིས་ནས་སྒྲིག་ལམ་མེད་པ་ལྟ་བུར་སོང་ཡོད་ཚོད་དུ་འདུག་གཤིས། འདི་ནས་ཀྱང་མཁན་པོ་སྔ་མ་རིམ་ཅན་ལ་སྒྲིག་ལམ་བསྡམ་དགོས་ཚུལ་གླེང་བ་ཡིན་ནའང༌། འདི་བྱས་ཞེས་སྟོན་རྒྱུ་ཡོད་པ་ཞིག་མ་བྱུང་བས། ད་ཆ་ཁྱེད་ཀྱིས་དགེ་འདུན་གྱི་སྒྲིག་ལམ་མཐའ་དག་སྔར་བཞིན་སོར་ཆུད་པ་ཞིག་བྱ་དགོས་སོ་ཞེས་བཀའ་སྩལ་རིན་པོ་ཆེ་གསེར་གྱི་ཅོད་པན་ལྟ་བུ་ཤིན་ཏུ་ལྕི་བ་ཕེབས་རུང༌། སྤྱིར་དགེ་འདུན་གྱི་སྒྲིག་ལམ་སྔར་ལྟར་སོར་ཆུད་པ་ཞིག་བྱུང་ན་ལེགས་པ་བཞིར་བཅས་ཀྱང༌། དེ་བཞིན་བགྱིས་ཚེ་དུས་དབང་གིས་ཅི་འགྱུར་མ་རྟོགས་པས། དེ་ལྟར་མི་དགོས་པའི་དགོངས་ཁྲོལ་ནན་ཏན་གྱིས་ཞུ་བར་མཛད་ནའང༌། སྒྲིག་ལམ་མ་བསྡམས་ཐབས་མེད་ཡིན་ཚུལ་དང༌། འདི་ནས་ཀྱང་བླ་གྲྭ་ཚང་མར་བཀའ་ཤོག་ཅིག་སྩལ་ཆོག་ཚུལ་གསུངས་པ་བཞིན་བཀའ་ཤོག་ཅིག་ཀྱང་སྩལ་བར་བརྟེན། རྗེས་ནས་རིམ་གྱིས་སྙན་སྦྲོན་ཕུལ་ཆོག་པར་གསོལ་ནས་ཨེ་ཝྃ་དུ་ཕེབས་ཏེ། ཇི་སྐད་དུ་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རང་གིས་ལེགས་པར་ཤེས་ན་ཡང༌། །བྱ་བ་ཐམས་ཅད་གྲོས་ཀྱིས་བསྒྲུབ། །མི་གང་གྲོས་ལ་མི་དགའ་བ། །འགྱོད་པ་རིན་གྱིས་ཉོ་བ་ཡིན། །ཞེས་འབྱུང་བ་ལྟར་ལོ་དེའི་ཧོར་ཟླ་བཅུ་པའི་ནང་མདོ་ཁམས་ནས་གཅེན་མཁན་ཆེན་རྡོ་རྗེ་འཆང་དཔོན་འཁོར་རྣམས་ཨེ་ཝྃ་དུ་མ་ཕེབས་ཀྱི་བར་ལ་བཀའ་ཤོག་སུ་ལའང་བསྟན་པར་མ་མཛད་ཅིང༌། དེ་རྗེས་གཅེན་མཁན་ཆེན་རྡོ་རྗེ་འཆང་དང༌། གཅུང་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་བཅས་བཀའ་བགྲོས་ཏེ། བསྟན་པའི་དོན་ཁོ་ན་