R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༢༧
[A:༤༢༧]ལས་རང་གི་དོན་ནི་ཅི་ཡང་མེད་གཤིས་བཟང་ངན་ཅི་འགྱུར་ཡང་སྒྲིག་ལམ་བསྡམ་པར་ཐུགས་ཐག་བཅད་དེ། ས་སྐྱ་ནས་སྩལ་བའི་བཀའ་ཤོག་ཐམས་ཅད་ལ་བསྟན་ཞིང༌། གཙོ་ཆེར་སེམས་དཔའ་ཆེན་པོའི་བཅའ་ཡིག་ལྟར་དང༌། དེའི་རྒྱབ་སྐྱོར་དུ་བཅའ་ཡིག་གསར་པ་ཞིག་ཀྱང་བཟོས་ཏེ། མཆོག་དམན་ཀུན་གྱིས་དེ་བཞིན་བྱེད་དགོས་ཚུལ་གསུངས་པས། ཐམས་ཅད་ཀྱིས་དེ་བཞིན་བྱེད་པར་ཁས་བླངས་ཏེ་ཐིལ་ཚེ་འཛུགས་པའི་སྐབས། ཡིད་སྲུབས་ཀྱིས་རྒྱུད་བསླད་པའི་སྐྱེ་བོ་ངན་པ་ངན་འགྲོའི་གཡང་སར་མངོན་སུམ་དུ་རྒྱུག་པར་རྩོམ་པ་ཁ་ཅིག་གིས་དཀྲུགས་པའི་རྐྱེན་གྱིས་ཇི་སྐད་དུ། ཤེས་རབ་མེད་པའི་བླུན་པོ་རྣམས། །མང་ཡང་དགྲ་ཡི་དབང་དུ་འགྲོ། །ཞེས་པ་ལྟར་མི་ཉག་ཁང་ཚན་པས་ཐིལ་ཚེ་མ་བཙུགས་པར་བརྟེན་རིམ་གྱིས་ཟློས་གཞི་ཇེ་ཆེར་གྱུར་ཏེ་ཨེ་ཝྃ་པའི་བླ་ཁག་ལྔ་དང༌། ཁང་ཚན་བཅུ་ཕྱོགས་གཅིག་དང་མི་ཉག་ཁང་ཚན་ཕྱོགས་གཅིག་ཏུ་བྱས་ཏེ་ཐོག་མར་ས་སྐྱ་དང༌། དེ་ནས་གཞིས་རྩེ་རྫོང་དང༌། དེ་རྗེས་མདའ་དཔོན་ལྕང་ལོ་ཅན་པ་རྣམས་སུ་རིམ་གྱིས་གཏུགས་ཏེ་འཁྲུགས་ལོང་ཇེ་ཆེར་འཕེལ་བར་གྱུར་རུང༌། རྗེ་འདིའི་མནལ་ལམ་གྱི་གསལ་སྣང་དུ། གཟིམ་ཆུང་གི་ཐོག་ཏུ་རྒྱལ་མཚན་གྱི་སྲོག་ཤིང་ཞིག་བརྟན་པར་བཙུགས་ཏེ། དེ་ལ་རྒྱལ་མཚན་གསར་དུ་བསྐོན་པ་དང༌། ཡང་བསང་དར་ཆེན་པོ་ཞིག་བཙུགས་པར་ཕྱོགས་གཞན་ཞིག་ནས་མེ་ཆེན་པོ་ཞིག་འབར་ཏེ་བསྲེག་པར་བརྩམས་ཀྱང་བསྲེག་པར་མ་ནུས་པ་ལ་སོགས་པའི་མཚན་ལྟས་འགའ་ཞིག་བྱུང་བར་བརྟེན། རང་རེ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཁོ་ན་བསམས་ཏེ་དགེ་འདུན་གྱི་སྒྲིག་ལམ་བསྡམས་པ་ལ། བདུད་ཀྱི་རིས་ཀྱིས་གླགས་ལྟས་པར་གྱུར་ནའང༌། ད་ནི་མི་རིང་བར་ཡིད་སྲུབས་ཀྱི་དཔུང་ལས་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་ལུང་བསྟན་པ་བཞིན། དེ་ཁོ་ན་ལྟར་མི་རིང་བར་ཕ་རོལ་པོའི་