R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༢༩
[A:༤༢༩]ཅད་དུ་ཉམས་གསོ་དགོས་རིགས་ཡོངས་སུ་རྫོགས་པ་ཉམས་གསོས་ཕུལ་དུ་ཕྱིན་པར་མཛད་པ་དང༌། ཁྱད་པར་ཨེ་ཝྃ་པའི་མགོན་ཁང་ཤར་དུ་སྔོན་ཟླ་བ་བྱུང་ངོ་ཅོག་གི་ཚེས་ཉེར་དྲུག་ནས་ཉེར་དགུའི་བར་ལ་བསྟོད་གསར་རྙིང་གི་དབྱངས་ཤེས་རིགས་རྣམས་ཚོགས་ཏེ། མགོན་པོ་ཆེ་ཆུང་གི་སྐོང་བ་དང་འབྲེལ་བར་ཉིན་བཞི་ལ་བསྟོད་གསར་རྙིང་གི་དབྱངས་ཡོངས་སུ་རྫོགས་པ་ཚར་རེ་འགྲོ་བར་བྱེད་པའི་རྒྱུན་མཆིས་པ་ལ། བར་སྐབས་ཞིག་ནས་དཔོན་སློབ་ཚོགས་ལ་མ་བྱོན་པའི་རྐྱེན་གྱིས་ཆད་སོང་བར་བརྟེན། དུས་ཕྱིས་ངོར་པའི་དབྱངས་ཆེན་བཅོ་བརྒྱད་ཀྱི་རྒྱུན་ཆད་ལ་ཁད་དུ་གྱུར་ནའང༌། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས་ཟླ་བ་བྱུང་ངོ་ཅོག་གི་ཚེས་ཉེར་དྲུག་ནས་ཉེར་དགུའི་བར་ལ་སྐོང་བ་རྣམས་སྔར་བཞིན་འཛུགས་པར་མཛད་པ་ལ་བརྟེན་ནས་དེང་སྐབས་དབྱངས་ཆེན་བཅོ་བརྒྱད་ཀྱི་རྒྱུན་མ་ནུབ་པར་གནས་པ་འདིའང་རྗེ་བླ་མ་དམ་པ་འདིའི་བཀའ་དྲིན་ལས་བྱུང་བ་ཡིན་ལ། དེ་སྐབས་སུ་བོད་དང་སིང་གི་རྒྱལ་ཁབ་འཁྲུགས་པའི་རྐྱེན་གྱིས་དབུས་གཙང་ཐམས་ཅད་དུ་ཟིངས་ཆ་ཆེ་བར་བྱུང་ནའང༌། ཨེ་ཝྃ་པའི་ཆོས་གཞིས་མི་སེར་ཐམས་ཅད་སྔར་རྒྱུན་ལས་ཉམས་ཆག་ཏུ་མ་སོང་བར་མགོ་འདོན་དཔྱིས་ཕྱིན་པར་མཛད་པ་སོགས་ལུགས་གཉིས་ཆར་གྱི་སྒོ་ནས་བཀའ་དྲིན་ཕུལ་དུ་བྱུང་བ་ཡིན་ནོ། །གཞན་ཡང་སྔ་ཕྱིར་བདུད་རྩི་རིལ་བུ་ཆིག་སྒྲུབ་ཚར་ཁ་ཤས་མཛད་པ་དང༌། རང་ཉིད་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཀྱང༌། ཇི་སྐད་དུ། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །ཅེས་པ་ལྟར་ཆུ་སྟག་ལོར་རྩོད་པའི་དུས་ཀྱི་ཀུན་མཁྱེན་བུ་སྟོན་གཉིས་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་ཨེ་ཝྃ་དུ་ཕེབས་པ་ན་