R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༣༠
[A:༤༣༠]དེའི་དྲུང་ནས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྗེས་གནང་སྔོན་དུ་འགྲོ་བའི་བྱ་རྒྱུད་ནོར་ཅན་གྱི་རིགས་སུ་གཏོགས་པའི་རྒྱལ་ཆེན་རྣམ་ཐོས་སྲས་བཀའ་མི་འདྲ་བ་བཅུ་དྲུག་དང༌། རྣམ་སྲས་སྙན་གྲགས་སྒྲུབ་པ་བཅས་ཀྱི་རྗེས་སུ་གནང་བ་དང༌། བྱ་རྒྱུད་གཤེགས་རིགས་ཀྱི་བདག་པོ་འཕགས་པ་འོད་ཟེར་དྲི་མ་མེད་པ་ཐུབ་དབང་ལྷ་བདུན་མའི་དབང་བསྐུར་བ་བཅས་གསན་པ་དང༌། ཡང་ཞྭ་སེར་གྱི་ཅོད་པན་འཛིན་པའི་བསྟན་འཛིན་རྣམས་ཀྱི་གཙུག་རྒྱན་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཨ་མདོ་བཀྲ་ཤིས་འཁྱིལ་གྱི་བྲག་དགོན་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས་ཨེ་ཝྃ་དུ་ཕེབས་པ་ན། དེའི་དྲུང་ནས་ཀྱང་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་དགེ་བའི་བཤེས་གཉེན་བཀའ་གདམས་པའི་ཐུགས་དམ་ལྷ་བཞིར་གྲགས་པའི་རྗེས་སུ་གནང་བ་རྣམས་དང༌། བྱ་རྒྱུད་པདྨའི་རིགས་ཀྱི་ཕོ་ཉ་མོ་དབྱངས་ཅན་མ་དཀར་མོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་རྗེས་སུ་གནང་བ་དང༌། དེའི་རྗེས་གནང་ཚིག་ལྷུག་པ་དང༌། དེའི་སྒྲུབ་ཐབས་ལས་སྦྱོར་ཚིགས་བཅད་མ་བཅས་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་དང༌། བོ་དོང་པཎ་ཆེན་གྱིས་མཛད་པའི་བསྟོད་པ་རྒྱན་གྱིས་ཕྲེང་བ་བཅས་ཀྱི་ལུང༌། རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད་མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལུང་བཅས། དཀོན་མཆོག་ལྷུན་གྲུབ་ཡིག་སྟེང་ནས་དཔལ་ཕྱག་ན་རྡོ་རྗེ་ཨུ་ཙརྻའི་རྗེས་སུ་གནང་བ་དང༌། ཕ་རྒྱུད་རྣམ་སྣང་གི་རིགས་སུ་གཏོགས་པ་གྲུབ་ཆེན་དཔལ་འཛིན་གྱིས་ལེགས་པར་བཀྲལ་བའི་བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོ་ལྷ་བཅུ་གསུམ་