[A:༤༢༨]གཙོ་བོར་གྱུར་པ་རྣམས་ཀྱིས་ད་ནི་རང་རེ་རྣམས་ཡུལ་འདིར་མི་ཆགས་པས་འགྲོ་བར་འོས་སོ་ཞེས་སྨྲས་ཏེ། མི་འདོད་བཞིན་དུ་ཕ་རོལ་གྱི་གྲྭ་མང་ཐམས་ཅད་ཁྲིད་དེ་སོང་བ་ན། དེའི་རྗེས་སུ་མདའ་དཔོན་ལྕང་ལོ་ཅན་པ་འཁོར་བཅས་ཀྱང་བྱོན་ཏེ། པ་རྣམ་དུ་འཕྲད་པ་ན་ཕ་རོལ་པོ་དེ་དག་ནང་འཁྲུགས་ཀྱི་རྣམ་པས་གྲྭ་མང་རྣམས་ཀྱིས་གཙོ་བོ་རྣམས་འདི་དང་འདི་ཡིན་ནོ་ཞེས་དངོས་སུ་སྨོས་པ་ལ་བརྟེན་ནས། མདའ་དཔོན་པས་ཀྱང་གཙོ་བོ་དེ་རྣམས་ཚར་བཅད་ཅིང༌། དེ་འཕྲོས་ཀྱི་གྲྭ་མང་རྣམས་ཀྱང་ཚུར་འོངས་ཏེ་སྒྲིག་ལམ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་ཁས་བླངས་པར་གྱུར་ཏོ། །འདི་ལྟ་བུ་ནི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཕྲིན་ལས་བསྒྲུབས་པ་ཡིན་པར་གོར་མ་ཆག་གོ །མདོར་ན་དེ་སྔོན་དུ་དགོན་པའི་སྒྲིག་ལམ་ཕལ་ཆེར་ཞིག་སྟེ་མགོ་མེད་འཇུག་མེད་ལྟ་བུར་སོང་ཡང༌། དེང་སྐབས་སྒྲིག་ལམ་སྐྱོན་མེད་ལྟ་བུ་ཡོད་པ་འདི་ནི་རྗེ་འདི་དང༌། དེའི་ཕྲིན་ལས་པ་གཅུང་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་བཅས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །གཞན་ཡང་དགོན་པའི་གཏོང་སྒོ་དང༌། དུས་དང་ཁྱད་པར་གྱི་མཆོད་པ་རྣམས་ཀྱང་སྔར་ལས་གོང་འཕེལ་དུ་མཛད་པ་དང༌། ས་མཆོད་ཆེན་མོའི་སྐབས་ཁྱེར་རྒྱུའི་གོས་ཆེན་གྱི་ཡོ་བྱད་རྙིང་སོང་ཕལ་ཆེར་ཀྱང་གསར་དུ་བཟོས་པ་དང༌། གོང་དུ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་རྣམ་ཐར་དུ་གསལ་བ་ལྟར་གྱི་རྗེ་འདི་སྐུ་མཆེད་རྣམས་ནས་གཙུག་ལག་གི་ཚོགས་འབོལ་ཡོངས་སུ་རྫོགས་པ་གསར་བཟོས་དང༌། དེའི་སྟེང་གི་གྲུམ་རྩེའི་གྲལ་གདན་རྣམས་གསར་སྦྱོར་མཛད་པ་བཅས་ལའང་རིན་ཆེན་གཉིས་པ་རྡོ་ཚད་མང་དུ་སོང་བ་དང༌། རབ་བྱུང་བསྙེན་རྫོགས་སྩལ་བའི་སྐབས་ཀྱི་མཁན་སློབ་ལས་གྲྭ་དང་བཅས་པའི་སྣམ་སྦྱར་རྣམས་ཀྱང་གསར་བཟོས་མཛད་པ་སོགས་མདོར་ན་ལྷ་ཁང་སྟེང་ཤོད་ཐམས་