[A:༤༣༢]མཚན་གྱི་ཡིག་ཆ་ལ་བླ་མ་བརྒྱུད་པའི་ཕྱག་བཞེས་འཁྲུལ་མེད་ཀྱིས་བརྒྱན་ཏེ་ལེགས་པར་གསན་པར་མཛད་དོ། །དགུང་གྲངས་ང་གསུམ་པ་ལྕགས་མོ་གླང་གི་ལོར་ས་སྐྱའི་འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ངག་དབང་རྡོ་རྗེ་རིན་ཆེན་པར་ཨེ་ཝྃ་པའི་མཁན་པོ་དགོངས་ཁྲོལ་ཞུ་བར་མཛད་ནའང་དེང་སྐབས་ཨེ་ཝྃ་པའི་བསྟན་པའི་ཉམས་ལ་ཕན་པ་ཐར་རྩེ་ཁོ་ནར་འདུག་གཤིས། རེ་ཞིག་དགོངས་ཁྲོལ་མི་འོང་ཚུལ་བཀའ་ཕེབས་པར་བརྟེན། དེ་ལོའི་བཀའ་ཆོས་སྩལ་བ་སོགས་མཛད་དེ། སླར་ཡང་དགུང་གྲངས་ང་བཞིར་སོན་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོར། ཡང་བསྐྱར་གྱིས་དགོངས་ཁྲོལ་ནན་ཆེར་ཞུ་བར་མཛད་པ་ལ་བརྟེན་ནས་རིམ་གྱིས་མཆོག་དམན་ཐམས་ཅད་ནས་དགོངས་པ་ཁྲོལ་ཏེ། ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་གཟའ་སྐར་ལེགས་འཛོམ་གྱི་ཉིན་བསྟན་དང་འགྲོ་བའི་དཔལ་མགོན་ཁང་སར་ངག་དབང་བློ་གྲོས་བསྟན་འཛིན་པ་ཉིད་ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་ཡོངས་སུ་མངའ་གསོལ་ཞིང༌། རྩིས་སྤྲོད་ཀྱི་སྐོར་ཡང་སྔར་རྩིས་ཇི་ལྟར་བླངས་པ་ལྟར་ལས་ཉམས་ཆག་སྤུ་ཙམ་ཡང་མ་སོང་བའི་ཁར་ཉམས་གསོས་དང༌། གསར་གཟོས་ལ་སོགས་པའི་སྒོ་ནས་ཤིན་ཏུ་དངོས་གཙང་པར་མཛད་དེ་རྩིས་ཕུལ་བ་དང༌། གསར་དུ་སྦྱོང་འཇགས་སྩལ་བའི་སྐོར་ལའང༌། གཙུག་ལག་ཁང་གི་བཞུགས་ཁྲིའི་སྟེང་དུ་བཞུགས་འབོལ་གསུམ་དང་སྐུ་བསྙེས་དང༌། ཁྲི་ཁེབས་རྣམས་གོས་ཆེན་བཟང་གོས་ཤ་སྟག་ལས་གྲུབ་པ་དང༌། བཞུགས་ཁྲིའི་གཡས་གཡོན་གྱི་ཀ་བ་གཉིས་སུ་གོས་ཆེན་བཟང་བསྒྲིགས་ཀྱི་འཕན་ཆུང་ཆ་གཅིག་དང༌། གསོལ་ལྕོག་རྩི་ལྡན་གོས་ཆེན་གྱི་ཁེབས་དང་བཅས་པ་དང༌། དབུ་ཆོས་ཀྱི་བཞུགས་འབོལ་དང༌། ཚོགས་འབོལ་ལྭ་བ་དམར་པོའི་གཡོགས་དང་རྒྱབ་ཤ་རེ་ད་ལས་བྱས་པ་རིང་ཐུང་བཞི་བཅུ་ཞེ་གཉིས་དང༌། དེའི་