R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༣༤
[A:༤༣༤]གི་ཚེས་ཉེར་དྲུག་ནས་ཉེར་དགུའི་བར་ལ་སྐོང་བ་ཚོགས་རྒྱུའི་རྒྱུན་འཛུགས་པར་མཛད་པ་ལ། སྔོན་གྱི་དུས་གསོལ་ཆས་རྐྱང་པ་ལས་ཡོན་འབུལ་མེད་ཀྱང༌། དགེ་འདུན་ཞལ་གྲངས་རིམ་འཕར་ཡོང་རེས་རབ་གསལ་དུ་ཊམ་སྲང་བདུན་ཅུ་དོན་ལྔ་སྦྱོར་འཇགས་སྩལ་བ་བེད་གང་བྱུང་གིས་དགེ་སློང་རེ་ལ་ཉིན་བཞི་བསྡོམས་ཕྱག་འགྱེད་ཊམ་རེ་ཕུལ་རྒྱུ་མཛད་པ་དང༌། གཞན་ཡང་གཟིམ་ཆུང་ནུབ་ཏུ་རྐང་གླིང་གྲི་རྐང་ཟངས་དཀྲིས་རག་ཤན་ཅན་དང༌། དེང་སྐབས་གཡབས་ཆེན་དུ་བཞུགས་པའི་རྟེན་གཙོ་ཐུབ་ཆེན་ལ་གོས་ཆེན་བཟང་བསྒྲིགས་ཀྱི་སྣམ་སྦྱར་དང༌། ཀ་དྲུག་སྟེང་གི་འབོལ་དང་གྲུམ་རྩེ་རྣམས་གསར་བརྗེས་སྩལ་བ་སོགས་མདོར་ན་གསར་སྦྱོར་རྒྱ་ཆེ་བ་དང་བཅས་རྩིས་ཕུལ་ཏེ་བསྟན་པ་རིན་པོ་ཆེ་གོང་འཕེལ་དུ་གྱུར་པར་མཛད་པ་ཡིན་ནོ། །ཕན་བདེའི་རི་བོང་ཅན་བསྐྱེད་པས། །བདུད་རྩིའི་ཆུ་གཏེར་ཉིད་དོ་ཞེས། །རྒྱལ་བས་ལུང་གིས་མངའ་གསོལ་བའི། །མི་མཆོག་ཀུན་དགའ་བཟང་པོ་དེས། །ཟབ་རྒྱས་ཆོས་ཀྱི་ཉིན་བྱེད་ཀྱིས། །འཁོར་བའི་མུན་པ་སྐྲོད་པའི་གནས། །མི་འཇིགས་གདོང་ལྔས་བཏེག་པའི་ཁྲི། །སྲིད་ཞིའི་གཙུག་ན་འཕགས་པ་དེར། །ཤིས་པའི་མཚན་རིས་ངོམས་པ་ཡི། །ཞབས་ཀྱི་ཆུ་སྐྱེས་རྣམ་བཀོད་པས། །བསྐལ་བ་བཟང་པོའི་དགའ་སྟོན་ནི། །རྫོགས་ལྡན་དུས་ཀྱི་དཔལ་ལ་འཛེགས། །རབ་བརྗིད་གསེར་གྱི་ལྷུན་པོའི་སྤོར། །འཆར་ཀའི་ཉི་གཞོན་གྱིས་འཁྱུད་ཅིང༌། །ཆོས་ཀྱི་བདུད་རྩི་སྦྱིན་བྱེད་ན། །མགོན་པོ་ཁྱོད་དང་མཚུངས་པར་འགྱུར། །དེ་ཚེ་ངོ་མཚར་ཕུང་པོ་ཀུན། །གཅིག་ཏུ་ཚོགས་པའི་ཡ་མཚན་གྱིས། །སྲིད་གསུམ་བྱེད་པོར་རློམ་རྣམས་ཀྱི། །ཁེངས་པའི་ངལ་བ་འཕྲོགས་ཀྱིས་དོགས། །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་གྱིས། །རྣམ་གྲོལ་ལོ་ཏོག་སྐྱེད་བསྲིངས་པ། །ཐུབ་དབང་ཁོ་ནའི་རྗེས་འགྲོ་སྟེ། །གཞན་པའི་དཔེར་འོས་