[A:༤༣༥]སྲིད་མ་ཡིན། །ཟླ་བའི་ཟེར་གྱིས་མི་འཕྲོག་ཅིང༌། །ཉི་མའི་འོད་ཀྱིས་མི་བཟློག་པའི། །འགྲོ་འདིའི་མ་རིག་མུན་པ་ཀུན། །ཁྱོད་ཀྱི་ཐུགས་རྗེས་བསལ་བར་བྱས། །ཁྱད་པར་ལེགས་གསུངས་འདུལ་བའི་ཁྲིམས། །ས་བཞིན་བསྟན་པའི་གཞི་མ་སྟེ། །དེ་སླད་ཉེས་པར་སྤྱོད་པའི་ཆུ། །སྡོམ་པའི་ཆུ་ལོན་གྱིས་བཟློག་ཚེ། །བདུད་ཀྱིས་བསླད་པའི་སྐྱེ་བོ་འགའ། །བསོད་ནམས་ཟད་པའི་སྟ་གོན་དུ། །བསྟན་ལ་སྡང་བའི་བསམ་སྦྱོར་གྱིས། །ལོག་པའི་ལམ་དུ་བཀྲི་བར་བརྩམས། །ཇི་ལྟར་ངན་པའི་ལམ་ཞུགས་པའི། །བུ་ལ་མ་ནི་བརྩེ་བ་ལྟར། །དེ་དག་ངན་འགྲོར་ལྷུང་དོགས་པས། །མགོན་ཁྱོད་ཐུགས་རྗེ་ལྷག་པར་འཕེལ། །འོན་ཏེ་བསྟན་སྲུང་ཆེ་རྣམས་ཀྱིས། །ལས་ནི་འདི་ཉིད་ཡིན་པའི་ཕྱིར། །མེ་ལ་ལྕེབ་པའི་འབུ་བཞིན་ཏུ། །ཕས་རྒོལ་ནུས་པ་ཉམས་པར་བྱས། །འདམ་སྐྱེས་འདམ་གྱིས་མ་གོས་བཞིན། །འཁོར་བར་གནས་ཀྱང་སྲིད་པ་ཡི། །སྐྱོན་གྱིས་གཞར་ཡང་མི་གོས་པའི། །ཐར་པའི་རྒྱལ་མཚན་བསྟན་པར་བཙུགས། །ངོ་མཚར་བྱིན་རླབས་འབུམ་གཡོ་བའི། །སྔོན་བྱོན་མཁས་པའི་ཕྱག་བཞེས་རྒྱུན། །དེང་དུས་པད་རྩ་ལྟར་ཕྲ་བ། །ཁྱོད་ཀྱིས་ཡར་ངོའི་ཟླ་བཞིན་སྤེལ། །མདོར་ན་ཆོས་དང་སྲིད་གཉིས་ཀའི། །འབྱོར་པ་བླ་ན་མེད་པ་ཡིས། །བསྟན་དང་འགྲོ་བའི་བདེ་སྐྱིད་ནི། །ཉི་མས་པདྨོ་བཞིན་དུ་བྱས།། །།གཉིས་པ་མི་བདག་སའི་ཚངས་པ་ཆེན་པོས་སྤྱན་དྲངས་ཏེ་མདོ་ཁམས་སུ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ནི། ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། སླར་ཡང་སྡེ་བཞི་དགེ་བཅུའི་ནོར་འཛིན་ལྗོངས། །གང་ཞབས་བསོད་ནམས་མགྲོན་དུ་ཐོབ་པའི་མོད། །བསྡུ་བའི་དངོས་པོ་རྣམ་