[A:༦༢༩]ལམ་ཟབ་བླ་མའི་རྣལ་འབྱོར། དཔལ་ཀྱེ་རྡོ་རྗེ་ཕྱི་ནང་སྦྲགས་མའི་མངོན་རྟོགས་ལམ་དུས་ཀྱི་དབང་བླང་བ་དང་བཅས་ཤིན་ཏུ་རྒྱས་པ། རྣལ་འབྱོར་དབང་ཕྱུག་གི་སྲུང་བ། ནཱ་རོ་མཁའ་སྤྱོད་ཀྱི་སྒོམ་བཟླས་བཅས་ས་སྐྱའི་ཆག་མེད་རྣམ་བཞིར་གྲགས་པ་རྣམས་དང༌། གཞན་ཡང་འཇམ་དབྱངས་དཀར་པོ། དབྱངས་ཅན་མ་དཀར་དམར། འབྱུང་པོ་འདུལ་བྱེད། མགོན་དཀར། རྡོ་རྗེ་བྲག་རྫོང་མ་རྣམས་ཀྱི་མངོན་རྟོགས་བཟླས་པ་དང་བཅས་པ། གཏོར་མ་བརྒྱ་རྩ་སོགས་གཏོར་མའི་སྐོར་དང༌། ཀྱེ་རྡོར་མཁའ་སྤྱོད་སོགས་ཡི་དམ་རྣམས་དང༌། གུར་ཞལ་མགོན་དཀར་སོགས་ཆོས་སྐྱོང་ནོར་ལྷ་བཅས་ཀྱི་གཏོར་བསྔོ་ཤིན་ཏུ་མང་བ་བཅས་མ་ཆག་པར་མཛད་ཅིང༌། དེ་ལྟ་བུའི་མཉམ་གཞག་གི་གནས་སྐབས་ཀུན་ཏུ་སྣང་བའི་དངོས་པོ་ཐམས་ཅད་ཟབ་བསལ་གཉིས་སུ་མེད་པའི་ལྷ་དང་གཞལ་ཡས་ཁང་གི་རྣམ་པར་ཤར་ཞིང་དེ་ཉིད་ཀྱང་བདེ་སྟོང་ཟུང་དུ་འབྲེལ་བའི་ཡེ་ཤེས་ཀྱི་ངོ་བོར་ཉམས་སུ་མྱོང་བས་འོད་གསལ་ཕྱག་རྒྱ་ཆེན་པོའི་རྣམ་རོལ་དུ་གཟིགས་པ་ཡིན་ལ། རྗེས་སྤྱོད་ལམ་གྱི་གནས་སྐབས་སུའང༌། རྒྱུད་ལས། བཟའ་དང་བཏུང་དང་བླུག་པ་དང༌། །ཉལ་དང་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པ། །དེ་ནས་མངོན་དུ་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར་དབང་དང་རིམ་གཉིས་ལས་བྱུང་བའི་རང་བྱུང་གི་ཡེ་ཤེས་དེ་ཉིད་ལས་ནམ་ཡང་གཡོ་བ་མེད་པར་ཉིན་མཚན་ཁོར་ཡུག་ཏུ་འདས་པས་ཡུལ་ཅན་གྱི་གནོད་པས་སྐད་ཅིག་ཀྱང་བརྫི་བའི་གོ་སྐབས་མེད་པ་སླར་ལ་ཏིང་ངེ་འཛིན་གྱི་སྟོབས་ལྷག་པར་འབར་བའི་གྲོགས་འབའ་ཞིག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་སྣང་སྲིད་ཐམས་ཅད་ཆོས་ཉིད་ཕྱག་རྒྱ་ཆེན་པོའི་ཡོ་ལང་དུ་གཟིགས་པའི་དབང་གིས་བསམས་ན་ཤེས་པའི་མངོན་ཤེས་ལ་སོགས་པ་བདག་ཅག་རྣམས་ཀྱིས་ཅུང་ཟད་མཐོང་ཐོས་སུ་གྱུར་པའང༌། སྔར་དགུང་གྲངས་