R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༣༠
[A:༦༣༠]བཅུ་བདུན་པའི་ནང་འཇམ་དབྱངས་དཀར་པོའི་སྐུ་མཚམས་བཞུགས་སྐབས་ནུབ་གཅིག་མནལ་ལམ་དུ་མི་དཀར་པོ་ཞིག་གིས་རལ་གྲི་སྔོ་ཞིང་དྭངས་པ་ཞིག་ཕུལ་བ་རྨིས། ནམ་མཁའ་ལ་འཕྱར་བས་འོད་ཀྱིས་བར་སྣང་ཐམས་ཅད་ཁྱབ་པར་གཟིགས་ཤིང༌། དེའི་རྐྱེན་གྱིས་ཐུགས་ཅུང་ཟད་འཇིགས་པ་ལྟ་བུའི་ངང་ནས་མནལ་སད་པ་དང༌། ཡང་དབྱངས་ཅན་མ་དཀར་མོའི་བསྙེན་སྒྲུབ་སྐབས་སྒྲུབ་ཁང་གི་ཕྱི་ནང་ཐམས་ཅད་མེ་འབར་བ་ལྟ་བུའི་འོད་ཀྱིས་ཁྱབ་པར་གཟིགས་པ་དང༌། དེ་བཞིན་དུ་དབྱངས་ཅན་མ་དམར་མོའི་བསྙེན་པའི་སྐབས་འོ་མའི་མཚོ་ཆེན་པོ་ཞིག་ལས་ཐོགས་མེད་དུ་གསོལ་བའི་སྣང་བ་བྱུང་ཞེས་བཀའ་སྩལ་ལ། གང་ལྟར་ཡང་རྗེ་བཙུན་བླ་མ་དམ་པ་དང་ཡི་དམ་ལྷའི་བྱིན་རླབས་ཁྱད་པར་དུ་འཕགས་པས་དེ་ཙམ་ནས་མཁྱེན་རབ་ཀློང་ཆེན་པོ་བརྡོལ་ཏེ། ཉིན་རེ་ལ་ཤོག་ལྡེབ་མདའ་ཚད་མ་བཅུ་རེ་ཙམ་ཐུགས་ལ་འཛིན་པའི་ཚུལ་བསྟན་པ་ཡིན་ནོ། །དེས་ན་ཕྱིས་སུ་ཁང་སར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་རྗེ་འདི་ཉིད་ཀྱི་དྲུང་ནས་དབྱངས་ཅན་མ་དཀར་མོའི་རྗེས་གནང་ཞིག་གསན་སྐབས་རྗེས་གནང་གྲུབ་པ་དང༌། རྗེ་ཉིད་ཀྱི་བཀའ་ལས། འདི་ས་མནྟ་ཤྲཱིའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོ་དེ་ཡིན། བྱིན་རླབས་ཤིན་ཏུ་ཆེ། ང་རང་ཡང་འདིའི་བྱིན་རླབས་ཐོབ་ཕྱིན་ཆད་མཚམས་ལ་བསྡད་པས་རིག་པ་བཟང་དུ་སོང༌། ཁྱེད་རང་ཡང་བསྙེན་པ་ཞིག་གྱིས་ཤིག་གསུངས་ནས། རྗེ་ཉིད་ཀྱིས་མཛད་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་དཔེ་ཞིག་གནང་བྱུང་བས། དེ་འཕྲལ་རང་ཡང་བླ་མའི་བཀའ་ལྟར་བསྙེན་མཚམས་ཤིག་བགྱིས་པས་བློ་རིག་བདུན་འགྱུར་གྱིས་ཆེ་བར་སོང་ཞེས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསོད་ནམས་རྒྱལ་མཚན་ཉིད་ཀྱིས་བདག་ལ་བཀའ་སྩལ་ཏོ། ཡང་དགུང་གྲངས་ཉེར་གཉིས་པའི་ནང་ཙམ་ལ་ཀྱེ་རྡོ་རྗེའི་གཞི་བསྙེན་བཞུགས་སྐབས་སུ་བདག་ཀླུའི་གནོད་