R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༢༨
[A:༦༢༨]འདོགས་བཅད་པའི་དོན་རྣམས་སྒོམ་པས་ཉམས་སུ་མ་བླངས་ན་དོན་མེད་དུ་འགྱུར་བ་ནི། སངས་རྒྱས་ཕལ་པོ་ཆེ་ལས། ཡང་དག་སངས་རྒྱས་བསྟན་པ་ནི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་ན། །སྐོམ་ནས་ཤི་བར་གྱུར་པ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ལམ་དེ་གཞན་ལའང་བསྟན་པར་བཞེད་དེ། སྔ་ཕྱིར་ཡི་དམ་གྱི་ལྷ་རྣམས་ཀྱི་བསྙེན་སྒྲུབ་ཀྱི་རིམ་པ་ཇི་ལྟར་མཛད་པའང༌། དགུང་གྲངས་བཅོ་ལྔ་སྐོར་ཙམ་ལ་ཀུན་རིག་གི་བསྙེན་ཆེན་རྒྱས་པ་ཞིག་བཞུགས་ཏེ་མ་གྲོལ་བར་གསུང་བཅད་ཤིན་ཏུ་དམ་པར་མཛད་པ་དང༌། དགུང་གྲངས་བཅུ་བདུན་པའི་ནང་འཇམ་དབྱངས་དཀར་པོ་དང༌། དབྱངས་ཅན་མ་དཀར་དམར། སེང་གདོང་མ་སོགས་ཀྱི་བསྙེན་སྒྲུབ་ཚུལ་བཞིན་མཛད་པ་དང༌། དགུང་གྲངས་ཉེར་གཅིག་པ་ས་མོ་བྱའི་ལོ་ཧོར་ཟླ་བཞི་པའི་མཇུག་ནས་བཟུང་དཔལ་ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་ཟླ་བ་བཅུ་གཅིག་གི་ཁོངས་སུ་གྲུབ་པར་མཛད། ཡང་དགུང་གྲངས་ཉེར་བདུན་པའི་ནང་ཙམ་གདན་སའི་ཞལ་འཛིན་སྐྱོང་སྐབས་མགོན་པོ་བྲག་རྫོང་མ་དང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་སྒྲུབ། སྒྲོལ་མ་དཀར་མོ་སོགས་ཀྱི་བསྙེན་མཚམས་ཟླ་བ་ཁ་ཤས་བར་བཞུགས། ཞལ་འཛིན་གྲོལ་མཚམས་ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གྲངས་བསྙེན་ཚུལ་བཞིན་རྫོགས་པར་མཛད་པ་དང༌། ཡང་མེ་སྟག་ལོར་དཔལ་ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་ཤིན་ཏུ་རྒྱས་པ་སྦྱིན་སྲེག་དང་བཅས་པ་ལོ་གཅིག་ལྷག་ཙམ་གྱི་བར་ལ་ཡོངས་སུ་རྫོགས་པར་མཛད་པ་སོགས་སྔ་ཕྱིར་བསྙེན་སྒྲུབ་ཀྱི་རིམ་པ་དཔག་ཏུ་མེད་པ་ཞིག་མཛད་ལ། དེར་མ་ཟད་རྒྱུན་གྱི་ཐུགས་དམ་ཉམས་བཞེས་མཛད་པ་ལའང་