[A:༦༣༡]པ་ལྟ་བུས་ཅུང་ཟད་བསྙུང་བའི་ཚུལ་བསྟན་པའི་ཚེ་སྒྲུབ་ཁང་གི་ཕྱིར་སྤག་རའི་ནང་དུ་སྟག་གཉིས་འདུག་པ་དེ་གཉིས་གཟིམས་ཁང་དུ་ཐོགས་མེད་དུ་འོངས་ནས། རྗེ་ཉིད་ཀྱི་དབུའི་ཐད་ཙམ་ན་བྱ་ཁྲ་འདྲ་བ་ཞིག་འདུག་པ་དེ་ལ་མཆོངས་ཤིང་སྟག་གི་ལག་པ་གཉིས་སྐུའི་ཕྲག་པ་གཉིས་ཀྱི་སྟེང་དུ་བཞག་ནས་ཟོས་པ་རྨིས་གསུངས་པ་དང༌། ཡང་དེ་སྐབས་སྐུའི་ཕྱི་རོལ་དུ་རལ་གྲིའི་ར་བ་ཞིག་གིས་བར་མེད་དུ་བསྐོར་བའི་ཕྱི་ནས་ཨ་ཙ་ར་ཞིག་གིས་བསྐོར་བ་བྱེད་པའི་མནལ་ལམ་བྱུང་གསུངས་ཤིང༌། དེ་སྐབས་ཤིག་ཕྱིས་ཀྱི་བླ་བྲང་མཁན་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་སྐུ་གཞོན་ནུའི་དུས་ཞབས་ཕྱིར་བཞུགས་སྐབས་ཡིན་པས་རྡོ་རྗེ་འཆང་ཉིད་ཀྱི་གཟིམས་ཁྲི་ལ་བསྙེས་ནས་ཅུང་ཟད་མནལ་ཏུ་སོང་བའི་མནལ་ལམ་ན་སྒྲུབ་ཁང་གི་རབ་གསལ་ནས་རྟ་བ་མང་པོ་སླེབས་བྱུང་བ་ལ། རྗེ་རིན་པོ་ཆེའི་སྐུ་ལ་གནོད་པ་སྐྱེལ་མཁན་དེ་འདི་ཡིན་པ་འདྲ་སྙམ་ནས། སུམྦྷ་སོགས་དྲག་སྔགས་མང་དུ་བཟླས་པས་རྟ་དཀར་པོའི་རྣམ་པར་ཕྱིར་ཐོན་པ་རྨིས་ཞེས་གསུངས་ལ། གང་ལྟར་ཡང་དེ་ནས་བརྩམས་ཏེ་བསྙུང་གཞི་རིམ་དྭངས་སུ་གྱུར་པ་ནི་གདན་ས་ཆེན་པོ་འདིའི་སྲུང་མ་ཐུན་མོང་མ་ཡིན་པ་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་དང༌། ཐར་རྩེ་རང་གི་རིགས་ཀྱི་སྲུང་མ་ལེགས་ལྡན་སྟག་ཞོན་འཁོར་བཅས་ཀྱིས་སྐུ་ཚེའི་བར་ཆད་བསལ་བ་སོགས་ཕྲིན་ལས་སྒྲུབ་པའི་ལྟས་སུ་གདོན་མི་ཟའོ། །ཡང་ཞྭ་ལུ་མཆོག་སྤྲུལ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་གི་དྲུང་ནས་རྣམ་སྲས་རྗེས་གནང་སྐོར་གསན་སྐབས། རྗེ་ཉིད་ཀྱི་བཀའ་ལས། རྣམ་སྲས་ཕོ་བྲང་ཡིན་ཟེར་བའི་ཤིན་ཏུ་ཡིད་འཕྲོག་པ་ཞིག་ཏུ། བཻ་སོགས་རྣམ་སྲས་ཀྱི་སྔགས་གསུང་བཞིན་ཕེབ་པར་རྨིས་པས། ངེད་ཀྱིས་རྣམ་སྲས་སྒྲུབ་ན་ཅུང་ཟད་འགྲུབ་སླ་བ་འདྲ་གསུངས་པ་དང༌། དགུང་གྲངས་ཉེར་གསུམ་ལ་ལྕགས་ཕག་ལོར་གདན་སའི་ཞལ་འཛིན་ཐོག་