[A:༦༣༢]མར་བསྐྱངས་ཏེ། དེ་ལོའི་ལམ་འབྲས་གནང་སྐབས་རྒྱུད་གསུམ་གྱི་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་དམིགས་ཁྲིད་ཚུགས་སྐབས་སློབ་མ་རྣམས་ནས་ཆོས་རིམ་འདོན་པའི་ཚེ། རྗེ་ཉིད་བཞུགས་ཁྲིའི་སྟེང་དུ་ཅུང་ཟད་མནལ་དང་འོད་གསལ་འདྲེས་པ་ལྟ་བུའི་གཟིགས་སྣང་ལ། གཙུག་ལག་ཁང་གི་རྒྱ་མཐོངས་ཁར་བླ་མ་ས་ཆེན་ཡིན་ཞུ་བའི་བླ་མ་ཞིག་གིས་གཙོ་བོར་མཛད། ལམ་འབྲས་བླ་མ་བརྒྱུད་པ་ཐམས་ཅད་བགྲེས་ཉམས་ཅན་ཤ་སྟག་བཞུགས་འདུག་པ་དང༌། དེའི་ནང་ན་ངོར་ཆེན་རྡོ་རྗེ་འཆང་དེ་ཉིད་ན་བཟའ་གསར་པ་ཤིན་ཏུ་ལེགས་པ་ཞིག་གསོལ་ནས་རྗེ་ཉིད་ལ་ཞལ་འཛུམ་པ་མཛད་ཅིང་གསུང་ཞིག་འབྱོན་གྲབས་ལ། དེ་སྐབས་གཙང་ཁང་ནང་ཐར་རྩེའི་བསྐང་གསོ་ཞིག་ཡོད་སྟབས་གོ་འཇོ་ཆོས་ཁྲིམས་པས་དགོངས་པ་ཞུས་བྱུང་བའི་རྐྱེན་གྱིས་མནལ་སད་བྱུང་བར་ཐུགས་ཤིན་ཏུ་ཕམ་པ་ཞིག་བྱུང༌། གང་ལྟར་ཡང་བླ་སྐུ་བགྲེས་ཉམས་ཅན་ཤ་སྟག་གཟིགས་པ་དེ་དེང་སང་ས་ངོར་གྱི་བསྟན་པ་ཅུང་ཟད་ཉག་ཕྲ་བ་འདིའི་རྟགས་སུ་འདུག །འོན་ཀྱང་ངོར་ཆེན་ན་བཟའ་གསར་པ་བཞེས་པ་དེ་བཤད་སྒྲུབ་ཀྱི་བྱ་བ་ལ་རྩེ་གཅིག་ཏུ་འབད་ན་བསྟན་པ་འདི་ཅུང་ཟད་ཇེ་དར་དུ་འགྲོ་བའི་ལྟས་སུ་སྣང་བས། ངེད་རང་གིས་ཀྱང་དེ་སྔོན་བསྟན་པའི་བྱ་བ་ལ་རྩེ་གཅིག་ཏུ་འབད་ཁུལ་བྱས་པ་ཡིན། ད་དུང་ཡང་ཨེ་ཝྃ་པའི་བསྟན་པ་འདི་ཁྱེད་བླ་མ་རྣམས་ལ་རག་ལས་པས་དབང་ལུང་འཚོལ་བ་དང༌། སློབ་གཉེར་ལ་ནན་ཏན་དུ་འབད་པའི་སྒོ་ནས་བསྟན་པའི་བྱ་བ་ལ་འབད་པ་དྲག་པོ་མཛད་དགོས་སོ་ཞེས། སྐྱབས་རྗེ་རྡོ་རྗེ་འཆང་དེ་ཉིད་ནས་ཡང་ཡང་བཀའ་ཕེབ་བྱུང་ཞེས་ཁང་སར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་ཉིད་ཀྱིས་བདག་ལ་བཀའ་སྩལ་ཏོ། །ཡང་ཁྲིར་བཞུགས་སྐབས་སློབ་མ་འགའ་ཞིག་ལ་སྣར་ཐང་བརྒྱ་རྩ་ཞིག་ཞག་འགའ་རེ་གནང་བར། དང་པོ་བཀའ་ཆོས་ཀྱི་དབུ་ཚུགས་པ་དང་ཕུག་རོན་