[A:༦༣༣]གཉིས་འོངས་ཏེ་གཟིམས་ཆུང་གི་རྒྱ་མཐོངས་ཁར་གུས་པའི་ཚུལ་གྱིས་ཉན་པ་དང༌། སླར་བཀའ་ཆོས་གྲོལ་དུས་འཕུར་འགྲོ་བ་དེ་ལྟ་བུ་ཉིན་རེ་བཞིན་རྗེས་གནང་མ་རྫོགས་ཀྱི་བར་བྱུང་བ་ནི། སྔོན་དགེ་བཤེས་ལྡོང་སྟོན་པ་བྱ་བས་བཀའ་ཆོས་གནང་སྐབས་མ་གཅིག་ཞ་མ་ཕུག་རོན་དུ་སྤྲུལ་ནས་ཆོས་གསན་པའི་རྣམ་ཐར་དང་ཚུལ་མཚུངས་པས་སྐྱེས་བུ་དམ་པའི་རྣམ་འཕྲུལ་ལམ། ལྷ་ལ་སོགས་པའི་སྤྲུལ་པ་ལྟ་བུ་ཤིན་ཏུ་ངོ་མཚར་བ་ཞིག་ནི་ཡིན་པར་སྣང་མོད། བདག་ལྟ་བུ་མ་རིག་པའི་དྲི་མས་བསྒྲིབས་པའི་སོ་སྐྱེ་རྨོངས་པ་ཞིག་གིས་འདིའོ་ཞེས་ཁ་ཚོན་གཅོད་པ་ཇི་ལྟར་ནུས། ཡང་སྐབས་ཤིག་མནལ་ལམ་དུ་འཕགས་པའི་གནས་བརྟན་བཅུ་དྲུག་ཤིན་ཏུ་གཞོན་ཤ་ཆགས་ཤིང་གཟི་བརྗིད་དང་ལྡན་པ་རེ་རེའང་འཇའ་འོད་ཀྱི་གུར་ཁང་ཁ་དོག་སྣ་ཚོགས་པའི་དཀྱིལ་ན་བཞུགས་པ་མངོན་སུམ་དུ་གཟིགས་པ་སོགས་ངོ་མཚར་བའི་རྣམ་ཐར་ཤིན་ཏུ་མང་བ་དང༌། མེ་འབྲུག་ལོར་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་ཁམས་ཕྱོགས་སུ་ཕེབ་སྐབས། རྗེ་འདི་ཉིད་ཀྱིས་ད་དུང་ལོ་ཆ་ཤས་ཙམ་གྲྭ་ས་འདིར་བཞུགས་རྒྱུ་མཛད་ན་ལེགས་མོད། འོན་ཀྱང་ལོ་ལྔ་དྲུག་ཚུན་ཡར་ཕེབ་ཐུབ་པ་ཅིས་ཀྱང་མཛོད། དེ་ལས་ཡུན་རིང་ན་མི་ལེགས་སོ་གསུངས་པ་ལྟར། རྗེས་སོར་དུས་ཐོག་ཏུ་ཕེབ་མ་གྲུབ་པའི་དབང་གིས་ཉག་རོང་གི་ཟིངས་དང་ཐུག་ནས་ཅུང་ཟད་འོ་བརྒྱལ་བྱུང་བ་དང༌། ཕེབ་ཁར་སྐུ་མདུན་དུ་མཇལ་སྐབས་ཀྱང་ས་སྐྱའི་གསེར་པོད་ཀྱི་དབུ་ན་བཞུགས་པའི་སྒྲོལ་དཀར་དང་དབྱངས་ཅན་མ་དཀར་མོ་གཉིས་ཀྱི་རྗེས་གནང་སྩལ་ཏེ། དེ་འཕྲོས་ཁམས་ནས་ཡར་ཕེབ་དུས་འབུལ་རྒྱུ་ཡིན་གསུངས་པ་བཞིན། ཕྱིས་སུ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་བླ་ན་མེད་པ་ཐོབ་པ་བཅས། ཡེ་ཤེས་ཀྱི་སྤྱན་གྱིས་མ་འོངས་པ་མངོན་སུམ་གཟིགས་པའི་གསུང་དུ་ངེས་ཤེས་ཐུན་