R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༣༤
[A:༦༣༤]མོང་མ་ཡིན་པ་སྐྱེས་སོ་ཞེས་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་བློ་གྲོས་རྒྱལ་མཚན་ཉིད་ཀྱིས་བདག་ལ་བཀའ་སྩལ་ཏོ། །ཡང་ལྕགས་བྱ་ལོའི་ནང་སྐོར་སྡེ་དགེའི་ཕྱོགས་སུ་ཉག་རོང་གི་འུར་ཟིངས་ཆེ་སྐབས། རྗེ་འདིའི་དྲུང་དུ་ཁང་སར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་དང༌། བླ་མ་བསྟན་པ་དར་རྒྱས་གཉིས་བཞུགས་ཡོད་པར་ཁམས་ཕྱོགས་ཀྱི་བདེ་དོགས་སོགས་གསུང་འཕྲོས་འགའ་ཞིག་མཛད་སྐབས། ཁང་སར་མཁན་ཆེན་ནས་སྡེ་དགེ་ཆོས་རྒྱལ་མཆོག་གི་བསྟན་སྲིད་ལ་ཉེས་སྐྱོན་ཡོད་མེད། སླར་ཅི་འགྱུར་སོགས་ཞུས་པས། རྗེ་འདིས་ཞལ་འཛུམ་ཙམ་མཛད་ནས་སྡེ་དགེའི་ཕྱོགས་རྣམས་ཁྱེད་རང་ནས་གཟིགས་འོང་གསུངས་པ་དང༌། ཡང་ཨ་ཅང་སྐུ་རྩེད་ཞུ་བ་མ་གཏོགས་ཉེས་སྐྱོན་རང་ཆེར་མི་འོང་བ་འདྲ་ཞེས་གསུངས་པ་བཞིན། ཕྱིས་སུ་ཁང་སར་མཁན་ཉིད་སྡེ་དགེར་ཕེབ་རྒྱུ་དང༌། སྡེ་དགེའི་ཆབ་སྲིད་ཀྱང་ཉེས་སྐྱོན་མེད་པར་མཐར་གོང་འཕེལ་དུ་གྱུར་པ་སོགས་མ་འོངས་པ་དངོས་སུ་གཟིགས་པའི་ཚུལ་འདི་དག་རྗེས་སོར་ཁམས་ཕྱོགས་སུའང་བླ་མ་བསྟན་པ་དང་ཡང་གསུང་འཕྲོས་བྱུང་ཞིང༌། སྡེ་དགེའི་ཕྱོགས་ཁྱེད་རང་ནས་གཟིགས་འོང་གསུངས་པའི་ཤུགས་ཀྱིས་རྗེ་རིན་པོ་ཆེ་ཉིད་ཁམས་ཕྱོགས་སུ་ཕེབ་མི་གྲུབ་པའི་དགོངས་པའང་གསལ་བར་བསྟན་པར་ངེས་སོ་ཞེས་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་དངོས་ཀྱི་ཞལ་ལས་བདག་གིས་ཐོས་པའོ། །དེ་དག་གིས་མཚོན་ཏེ་རྨད་དུ་བྱུང་བའི་རྣམ་པར་ཐར་པ་མཐའ་ཡས་པ་ཞིག་མངའ་བར་སྣང་མོད། ཐུགས་ཤིན་ཏུ་སྒམ་ཞིང་གཟི་བརྗིད་ཆེ་བ་དང༌། དོན་དང་ལྡན་ངེས་ཅུང་ཟད་ཙམ་མ་གཏོགས་གསུང་འཕྲོས་སྣ་ཚོགས་པ་མཛད་པའི་གོ་སྐབས་མེད་པའི་དབང་གིས་ཞབས་འབྲིང་བ་དག་གིས་ཀྱང་ཆེར་ཞུ་བར་མི་ནུས་པས་འདི་ཙམ་མ་གཏོགས་སྒྲོ་སྐུར་གྱི་མཐར་འགྱུར་དོགས་