[A:༦༣༥]ཀྱིས་བརྗོད་པར་མ་ནུས་ལ། འདི་དག་ཀྱང་བདག་ཅག་ལ་སོགས་པ་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་ཇི་ལྟར་མངོན་པ་རྣམས་མདོར་བསྡུས་ཙམ་བརྗོད་པར་ཟད་ཀྱི། གཞན་དུ་ན་མགོན་པོ་འདི་ཉིད་ཟག་མེད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རིན་ཐང་མེད་པའི་རིན་པོ་ཆེའི་སྣོད་ཁ་ཕྱེས་པ་ལྟ་བུ་ལ་དབང་འབྱོར་པས། ཇི་སྐད་དུ། སློབ་དཔོན་ཟླ་གྲགས་ཀྱིས། དག་པ་འདི་ན་བཞེད་པ་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁས་གཏུགས་འཇིག་རྟེན་དང༌། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པ་ལྟར། ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་དང་མངོན་པར་ཤེས་པའི་མཐུས་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཟིལ་གྱིས་གནོན་པར་མཛད་ན། སོ་སོའི་སྐྱེ་བོ་གང་ཟག་རྣམས་དང་ཐུན་མོང་དུ་གྱུར་པའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཙམ་ནི་སྨོས་ཀྱང་ཅི་ཞིག་དགོས། དེས་ན་སངས་རྒྱས་དངོས་འཇིག་རྟེན་དུ་བྱོན་པ་ལ་ཐེ་ཚོམ་གྱི་དྲི་མ་སྤངས་ཏེ་ཡིད་ཆེས་པའི་དད་པ་དྲག་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་ནུས་ན་འདི་དང་ཕྱི་མའི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པར་གདོན་མི་ཟའོ། །ཟབ་རྒྱས་ཆོས་ཀྱི་ཆར་པས་འཇིག་རྟེན་ན། །ཐུབ་བསྟན་འབྲས་བུའི་སྙེ་མ་གཡུར་ཟ་ཞིང༌། །འགྲོ་ལ་ཕན་བདེའི་འདོད་རྒུ་རྫོགས་པའི་དཔྱིད། །གང་གི་གྲགས་པ་བཞིན་དུ་སྲིད་མཐར་ཁྱབ། །མི་བཟད་རིག་པ་རྣོན་པོའི་ཞུགས་ཀྱིས་ནི། །སྨྲ་བའི་སེང་གེ་ཀུན་གྱི་སྙིང་བསྲེགས་ཤིང༌། །རྣམ་དག་ལུང་གི་ཐོག་དམར་ཆེར་འབབས་པས། །ལྟ་ངན་བྲག་རིའི་ཕྲེང་བ་ཕྱེ་མར་བསྙིལ། །སྒྲ་དོན་ཉམས་ཀྱི་འགྱུར་བ་སྟོང་ལྡན་པའི། །ལེགས་བཤད་ཕྲེང་བ་གསར་