R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༣༧
[A:༦༣༧]ངེས་པ་རྣམས་ཅུང་ཟད་བརྗོད་ན། ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཞབས་སེན་རྣམ་པར་བཀོད་དེ་བསྟན་པ་རིན་པོ་ཆེ་སྲིད་རྩེར་འདེགས་པའི་ཀ་ཆེན་བཞི་ནི། མཁས་དང་གྲུབ་པ་རྒྱ་མཚོའི་གཙུག་རྒྱན་འཇམ་དཔལ་ངུར་སྨྲིག་འཛིན་པ་ཁང་སར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན། ཟབ་རྒྱས་མདོ་རྒྱུད་རྒྱ་མཚོའི་མངའ་བདག་མཁན་ཆེན་སྨྲ་བའི་ཉི་མ་འཇམ་དབྱངས་ཤེས་རབ་རྒྱ་མཚོ། ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་གྲུབ་པའི་དབང་ཕྱུག་ཆེན་པོ་ཕན་ཁང་མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན། སྐུ་ཚེ་ཧྲིལ་པོར་སྐུ་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ཏེ་མཉེས་པ་གསུམ་གྱིས་མཉེས་པར་མཛད་པས་ཐུགས་སྲས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བླ་བྲང་མཁན་ཆེན་རིན་པོ་ཆེ་ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེ་དང་བཞིའོ། །འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་དབྱེར་མི་ཕྱེད་ཅིང་འཛམ་བུའི་གླིང་ན་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་བཞི་ནི། ཕྱོགས་བཅུའི་རྒྱལ་བ་རྣམས་དང་གཉིས་སུ་མེད་པའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། མཁས་གྲུབ་བྱེ་བའི་དབུས་ན་ཟླ་བ་ལྟར་རྣམ་པར་གསལ་བ་མཆོག་གི་སྤྲུལ་པའི་སྐུ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང༌། ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་བསྟན་པའི་སྲོག་ཤིང་གཅིག་པུ་ཉི་མ་ལྟ་བུའི་མཁས་གྲུབ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ། མདོ་སྔགས་རིག་གནས་དང་བཅས་པའི་གླེགས་བམ་གཅིག་པུ་རྒྱུད་སྡེ་རྒྱ་མཚོའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོ་རྣམས་སོ། །རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་རིང་ལུགས་དྲི་མ་མེད་པ་ཚུལ་བཞིན་