R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༣༨
[A:༦༣༨]འཛིན་པ་ལ་གཅིག་ཏུ་ཕྱོགས་པའི་ཞབས་དྲུང་རྣམ་པ་གསུམ་ནི། ལུང་རྟོགས་ཆོས་ཀྱི་སྣང་བས་བསྟན་པ་སྲིད་མཐར་སྤེལ་མཁས་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས། །མཐའ་ཀླས་ཤེས་བྱའི་གནས་ལ་མཁྱེན་རབ་ཀྱི་པདྨོ་ལྷག་པར་རྒྱས་པ་ཁང་སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ། མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་ཐར་རྩེ་ཞབས་དྲུང་རིན་པོ་ཆེ་ཀུན་དགའ་འཇམ་དཔལ་སྙིང་པོ་རྣམས་སོ། །ཆོས་སྲིད་སྟོབས་ཀྱི་དཔུང་པས་བསྟན་པ་རིན་པོ་ཆེ་སྲིད་ན་འདེགས་པའི་ས་སྐྱོང་བླ་མ་ཆེན་པོ་གསུམ་ནི། མཁས་ཚུལ་གསུམ་གྱི་མཛད་པས་བསྟན་པ་ཕྱོགས་མཐར་སྤེལ་མཁས་སྡེ་དགེ་ལྷ་སྲས་རིན་པོ་ཆེ་བྱམས་པ་ཀུན་དགའ་འཇམ་དཔལ་ཕན་བདེའི་སྙིང་པོ། ལུགས་ཟུང་མཁྱེན་པའི་སྤྱན་ལྡན་གླིང་ཚང་རྒྱལ་སྲས་བླ་མ་བྱམས་པ་ཀུན་དགའ་ཕན་བདེ་ཆོས་ཀྱི་རྒྱལ་མཚན། མཁྱེན་བརྩེ་ནུས་པའི་དཔལ་མངའ་གླིང་དྲུང་པ་བླ་མ་བྱམས་པ་ཀུན་དགའ་ཕན་བདེའི་སྙིང་པོ་ཐེག་མཆོག་བསྟན་པའི་རྒྱལ་མཚན་རྣམས་སོ། །རྗེ་རྒྱལ་བ་གཉིས་པ་ཉིད་ཀྱི་ཟབ་རྒྱས་ཆོས་ཀྱི་དགོངས་དོན་རིས་མེད་གྲུབ་མཐའ་ཐམས་ཅད་ལ་གསལ་བར་མཛད་པའི་ཕྱོགས་ཀྱི་དར་ཆེན་དྲུག་ནི། ཞྭ་སེར་བསྟན་པའི་གཙུག་རྒྱན་ཆབ་མདོ་འཕགས་པ་ལྷའི་སྤྲུལ་པའི་སྐུ་འཕགས་མཆོག་མཁས་གྲུབ་ངག་དབང་བློ་བཟང་མི་ཕམ་འཇིགས་མེད་དགེ་ལེགས་བསྟན་པའི་རྒྱལ་མཚན། འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་པའི་མཁས་པ་ཆེན་པོ་སོག་པོ་བླ་མ་མང་ཐོས་འཇམ་དབྱངས་ཕྲིན་ལས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་རི་ཟུར་བླ་མ་རིན་ཆེན་བློ་བཟང་མཁྱེན་རབ། མང་ཐོས་སྨྲ་བའི་ཁྱུ་མཆོག་རྒྱ་ར་སྤྲུལ་སྐུ་རིན་པོ་ཆེ་འཕགས་མཆོག་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་དབང་ཕྱུག །