R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༠
[A:༦༤༠]སྤྲུལ་སྐུ་རྣམས་སོ། །ལུང་དང་རིགས་པར་སྨྲ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་གཉིས་ནི། བཅུ་ཕྲག་རིག་གཞུང་རྒྱ་མཚོའི་ཕ་རོལ་དུ་སོན་པ་མཁས་དབང་སྨྲ་བའི་སེང་གེ་འཇིགས་མེད་དཔལ་ལྡན། ཕྱི་ནང་རིགས་པའི་གནས་ལ་གཞན་དྲིང་མི་འཇོག་པའི་བློ་གྲོས་དང་ལྡན་པ་མཁས་པའི་དབང་པོ་འཇམ་དབྱངས་ཡོན་ཏན་མཐའ་ཡས་གཉིས་སོ། །སྡེ་སྣོད་རབ་འབྱམས་རྒྱ་མཚོར་མཁས་དབང་དམ་པ་ལྔ་ནི། མཁྱེན་རབ་ཀྱི་པདྨོ་བཞད་པ་དབོན་སྟོད་བླ་མ་ཀུན་དགའ་འཇམ་དབྱངས། འབྲས་ཡུལ་སྐྱེད་མོས་ཚལ་གྱི་རབ་འབྱམས་པ་དཀོན་མཆོག་ཆོས་འཕེལ་དང༌། རབ་འབྱམས་པ་ཆོས་རྗེ་ལགས་གཉིས། རྟ་ནག་ཐུབ་བསྟན་གྱི་རབ་འབྱམས་པ་བློ་གྲོས་རབ་རྒྱས། བཀྲ་ཤིས་ལྷུན་པོའི་བཀའ་ཆེན་སྲི་རྡོར་རྣམས་སོ། །དབེན་པའི་རི་ཁྲོད་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་པས་ཉམས་དང་རྟོགས་པའི་མངའ་བདག་ཏུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྔ་ནི། རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་ཚེ་མཚམས་བསོད་ནམས་བཟང་པོ། གྲུབ་པའི་གོ་འཕང་མཆོག་ལ་འཛེགས་པ་མཚུངས་མེད་འཇམ་དཔལ་བསྟན་འཛིན། ངེས་འབྱུང་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གང་བའི་སྤོང་བ་པ་ངག་དབང་ཆོས་འཕེལ། ལྐོག་གྱུར་གྱི་ཆོས་རྣམས་སྒྲིབ་མེད་དུ་གཟིགས་པ་ཨ་གྲོ་ཚེ་མཚམས་པ་རིན་ཆེན་ཆོས་ལྡན། ཟབ་མོའི་དོན་ལ་རྩེ་གཅིག་ཏུ་གཞོལ་བ་མཚམས་པ་ཀུན་དགའ་བསོད་ནམས་རྣམས་སོ། །དེ་ལྟ་བུའི་ཞལ་སློབ་མཁས་ཤིང་གྲུབ་པ་དེ་དག་ལས་གྱེས་པའི་དངོས་སློབ་དང་ཉིང་སློབ་ཀྱི་ཚོགས་བགྲང་དུ་མེད་པར་བྱོན་པས་དེང་སང་གི་སྐབས་འདིར་ས་ཆེན་པོ་འདི་ཡོངས་སུ་གང་སྟེ་ཐམས་ཅད་ཀྱིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་སྤེལ་ཞིང་སྐྱེ་རྒུ་མ་ལུས་པ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་