R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༢
[A:༦༤༢]ཅུང་ཟད་ཙམ་དང༌། ཞལ་མཇལ་བ་དང་གསུང་ཐོས་པ་སོགས་ཀྱི་སྒོ་ནས་ཀྱང་འཁོར་བ་མཐའ་ཅན་དུ་གྱུར་པའི་གདུལ་བྱ་སྐལ་བ་དང་ལྡན་པ་ནི་བློའི་ར་བ་ལས་བརྒལ་བ་ཞིག་མཆིས་ཏེ་དེ་ཐམས་ཅད་བརྗོད་པར་མི་ནུས་མོད། མདོར་བསྡུས་ན་བོད་དང་བོད་ཆེན་པོའི་ལྗོངས་ན་འཁོད་པའི་སྐྱེ་འགྲོ་ཕལ་ཆེ་བས་སོ་སོའི་འབྱོར་པ་དང་བསྟུན་པའི་བསྙེན་བཀུར་གྱིས་རང་རང་གི་བསོད་ནམས་ཀྱི་བགོ་སྐལ་ལེན་པ་ལ་གཅིག་ཏུ་མི་བརྩོན་པ་ནི་དུས་དེ་ཙམ་ན་ཆེར་མེད་པ་ལྟ་བུར་གྱུར་ཏོ། །གང་གི་གྲགས་པའི་རྣ་ཆ་གཡོ་བ་ཡིས། །སྙིང་ལ་དད་པའི་ཀུནྡ་འཛུམ་ལྡན་པའི། །འགྲོ་བ་དེ་དག་མི་བཟད་རླུང་གིས་ནི། །དྲག་ཏུ་བསྐུལ་བའི་ས་ཆེན་རྡུལ་ལྟར་ལྷགས། །བློ་གྲོས་ལང་ཚོ་གསར་པའི་སྐབས་བརྟེན་ཅིང༌། །ཉོན་མོངས་གདུང་བས་གཟིར་བའི་ཡིད་ཅན་རྣམས། །དམ་པའི་ནགས་ཚལ་འདི་ན་ཙནྡན་བཞིན། །འགྲོ་བའི་བླ་མར་གྱུར་ལ་མི་འགྱུར་རམ། །གང་གི་ལེགས་བཤད་ཟླ་བའི་འོད་ཀྱིས་ནི། །ལེགས་པའི་ལམ་བཟང་མཐོང་བའི་བློ་མཆོག་རྣམས། །དག་པའི་མཁའ་ལ་ངང་པའི་ཕྲེང་བ་བཞིན། །འཁོར་བ་མེད་པའི་གྲོང་ཁྱེར་མཆོག་ཏུ་ཆས། །ཐེག་གསུམ་ཆོས་ཀྱི་བདུད་རྩིས་བྲན་པ་ཡིས། །སྙིང་ལ་བསིལ་བ་ཐོབ་པའི་སྐལ་བཟང་ཕལ། །སླད་ཆད་མིག་ལ་འཁོར་བས་བསྐྱེད་པ་ཡི། །མྱ་ངན་མཆི་མའི་ཐིགས་པས་མཛེས་མ་གྱུར། །འགྲོ་ཀུན་ཐར་པའི་ངལ་འཚོར་བཀོད་པ་ཡིས། །སྲིད་པའི་ནགས་ཚལ་སྟོང་པས་ཡིད་འབྱུང་སྟེ། །རྒྱུ་སྐར་དོ་ཤལ་གཡོ་བའི་སྔོ་བསངས་མ། །སྤྲོས་པ་བྲལ་བའི་བརྟུལ་ཞུགས་བླངས་པ་བཞིན། །ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་