R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༣
[A:༦༤༣]དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བའི་གྲུབ་འབྲས་བསྟན་འཛིན་གྱི་སློབ་མ་ཇི་ཙམ་བྱུང་བའི་ཚུལ་མདོ་ཙམ་བརྗོད་པའི་སྐབས་ཏེ་བདུན་པའོ།། །། ༈ དེ་ལྟར་སྐུ་ཚེ་ཧྲིལ་པོར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་སྤེལ་ཞིང་གདུལ་བྱར་གྱུར་པའི་འགྲོ་བ་མ་ལུས་པ་འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བའི་ལམ་མཐར་ཐུག་པ་ལ་བཀོད་པ་སོགས་ཕྲིན་ལས་ཀྱི་འཁོར་ལོ་མཐའ་ཡས་པར་མཛད་ནས། ད་ནི་བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད་པ་དང༌། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་གདུལ་བྱར་གྱུར་པའི་འགྲོ་བ་མཐའ་ཀླས་པ་ཞིག་ཅིག་ཅར་དུ་ཚོགས་པ་དག་འདུལ་བའི་དུས་ལ་བབ་པ་མངོན་སུམ་དུ་གཟིགས་པ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་དེ། དེའང་ལྕགས་ཕོ་རྟའི་ལོའི་དཔྱིད་ཀ་ཞིག་མཁན་རིན་པོ་ཆེ་ཁྲི་ཐོག་པ་དཔལ་ལྡན་བློ་གྲོས་རྒྱལ་མཚན་རྗེ་འདི་ཉིད་ཀྱི་སྐུ་དྲུང་དུ་ཕེབ་སྐབས། རྗེ་ཉིད་ཀྱི་ཞལ་ནས། སྔར་ཕན་ཆད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ལ་བྱ་བ་ཇི་ལྟར་མཛད་ཚུལ་རྣམས་ཞིབ་རྒྱས་སུ་བཀའ་སྩལ་བའི་མཐར། ལྷག་པར་བསྟན་པའི་རྩ་བ་འདུལ་བའི་སྡེ་སྣོད་ལས་གསུངས་པའི་གཞི་གསུམ་གྱི་ཆོ་ག་ཕྱག་ལེན་རྣམ་པར་དག་པ་ཞིག་ཨེ་ཚུགས་སྙམ་དུ་འབད་པར་བྱེད་པ་ནི་ཇི་ལྟ་བ་བཞིན་གྲུབ། དེ་རྗེས་ཕྱི་ནང་གི་རིག་གཞུང་རྒྱ་ཆེན་པོ་དག་ལ་ཐོས་བསམ་བྱེད་པའི་སློབ་གྲྭ་ལེགས་པ་ཞིག་ཚུགས་ན་སྙམ་པའི་འདུན་པ་ཤིན་ཏུ་ཆེ་བར་བགྱིས་ཀྱང༌། དུས་ཚོད་སྙིགས་