R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༤
[A:༥༣༤]གཟུགས་སུ་མཛད། །སངས་རྒྱས་སེམས་ཅན་སྐྱབས་དགོངས་པས། །སངས་རྒྱས་གར་མཁན་གར་མཛད་དེ། །རི་བོང་སྟག་དང་སེང་གེ་དང༌། །གླང་པོའི་རིགས་ཅན་རྣམས་སུ་ཡང༌། །སྙིང་རྗེའི་ཐུགས་ཀྱི་སྟོན་མཛད་དེ། །ཕྱག་རྒྱ་གྲུབ་པས་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བས་ན་ཡོན་ཏན་གྱི་མཐུ་ཕུལ་དུ་བྱུང་བ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གདུལ་བྱ་འདུལ་བའི་ཐབས་སུ་ཆོ་འཕྲུལ་གྱི་རྣམ་པར་བརྩེ་བ་སྣ་ཚོགས་སུ་སྟོན་པས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཅིག་ཅར་དུ་མགོ་རྨོངས་པར་འགྱུར་བའི་ཡེ་ཤེས་ཀྱི་སྒྱུ་མ་ཆེན་པོ་འདིའི་རང་བཞིན་དང་ཡོན་ཏན་ཇི་ལྟ་བ་ཡོངས་སུ་རྫོགས་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་གཞལ་བའི་རྔོ་མི་ཐོགས་ན། དེ་ལས་གཞན་པའི་བློ་གྲོས་དང་ལྡན་པ་སུ་ཞིག་གིས་ཤེས་ཤིང་བརྗོད་པར་ནུས། བསམ་གྱིས་མི་ཁྱབ་པའི་གནས་འདི་ནི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་ཡུལ་འབའ་ཞིག་ཏུ་གྱུར་པ་སྟེ། སློབ་དཔོན་མ་ཏི་ཙི་ཏྲས། ཇི་ལྟར་ཁྱོད་ནི་ཉིད་ཀྱིས་མཁྱེན། །ཇི་ལྟར་ཁྱོད་ནི་ཁྱོད་འདྲས་མཁྱེན། །ཇི་ལྟར་ཁྱོད་གཞན་མི་འདྲ་བའི། །དེ་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་བདག་ཅག་བློ་གྲོས་དང་མོས་པ་དམན་པ་རྣམས་ཀྱི་རང་བཞིན་དང་སྐལ་པ་ཇི་ལྟ་བུ་ཡིན་པ་ཉེ་བར་གཟིགས་པའི་དབང་གིས་སློབ་པ་ལམ་གྱི་གནས་སྐབས་སུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོའི་རྣམ་འཕྲུལ་དུ་སྟོན་པ་འདིའི་དབང་དུ་བྱས་ནའང༌། མ་རིག་པའི་ལིང་ཐོག་གིས་བློ་གྲོས་ཀྱི་མིག་ལྡོངས་པ་བདག་ལྟ་བུས་ནི་རྒྱལ་བའི་སྲས་པོ་འཇམ་དཔལ་