R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༣
[A:༥༣༣]སོགས་པར་སྟོན་པ་ཧེ་རུ་ཀའི་ཚུལ་དང༌། མི་མཇེད་ལ་སོགས་པར་སངས་རྒྱས་སྤྲུལ་པའི་སྐུའི་ཞིང་ཁམས་གྲངས་མེད་པ་རྣམས་སུ་སྔར་སངས་རྒྱས་ཀྱི་མཛད་པ་མཛད་དེ་མྱ་ངན་ལས་འདས་པ་དང༌། ད་ལྟ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་གསར་དུ་བརྙེས་པའི་ཚུལ་བསྟན་ཏེ་འཚོ་ཞིང་གཞེས་པ་དང༌། མ་འོངས་པ་ནའང་སྲིད་པ་ཇི་སྲིད་ཀྱི་བར་དུ་སངས་རྒྱས་ཀྱི་རོལ་པ་རྒྱུན་མི་འཆད་པར་སྟོན་པར་འགྱུར་བ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་དང༌། གསང་སྔགས་ཀྱི་རིག་པ་འཛིན་པ་དང༌། ཚངས་པ་དང༌། དབང་ཕྱུག་ལ་སོགས་པ་འཇིག་རྟེན་པའི་ཆེན་པོ་རྣམས་དང༌། གཞན་ཡང་རི་བོང་དང༌། སྟག་དང༌། སེང་གེ་དང༌། གྲུ་དང༌། གཟིངས་དང༌། ཟམ་པ་དང༌། ཡིད་བཞིན་གྱི་ནོར་བུ་དང༌། དཔག་བསམ་གྱི་ཤིང་ལ་སོགས་པ་གང་ལ་གང་འདུལ་གྱི་རྣམ་པར་རོལ་པ་སྣ་ཚོགས་སུ་སྟོན་པར་མཛད་པ་སྟེ། མགོན་པོ་བྱམས་པས། རྟག་ཏུ་ཐམས་ཅད་ལ་ཁྱབ་པའི། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པ་འབབས། །ཞེས་དང༌། མངོན་རྟོགས་རྒྱན་ལས། རྒྱུ་ནི་ཡོངས་སུ་སྨིན་གྱུར་པས། །གང་ཚེ་གང་ལ་གང་དུ་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ༌། །ཞེས་དང༌། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདའ་བར་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་དང༌། རྡོ་རྗེ་གུར་ལས་ཀྱང༌། འཇིག་རྟེན་འདུལ་བར་གཟིགས་ནས་ནི། །འདི་ནི་དུ་མའི་