R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༥
[A:༥༣༥]གཞོན་ནུར་གྱུར་པ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་དང་མཐུན་པའི་རྗེ་བཙུན་དམ་པ་འདིའི་ཞབས་ཀྱི་འདེགས་འཇོག་ཙམ་ཡང་མི་ཤེས་ན། ཐུན་མོང་མ་ཡིན་པའི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་བ་དག་ཇི་ལྟར་སྨྲ་བར་ནུས། དེ་ལྟ་ནའང་སངས་རྒྱས་ཀྱི་མཛད་པ་ནི་སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་སྟོན་པས་རེ་ཞིག་བདག་ཅག་གདུལ་བྱ་དམན་པ་རྣམས་ལ་ཐུན་མོང་དུ་སྣང་བའི་མཛད་པ་ཉིད་ལས་ཉེ་བར་བརྩམས་ཏེ་རྒྱ་མཚོ་ཆེན་པོ་ལས་སྐྲ་རྩེས་བླངས་པའི་ཆུ་ཐིགས་ལྟར་རྣམ་པར་ཐར་པའི་ཆ་ཤས་འགའ་ཞིག་བརྗོད་པ་ལ་ཡིད་ཉེ་བར་གཞོལ་བར་གྱུར་པ་སྟེ། འདིའང་རྒྱལ་སྲས་ཞི་བ་ལྷས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་གསུངས་པ་ལྟར་སྐྱབས་གནས་དམ་པ་རྣམས་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བར་གོར་མ་ཆག་སྟེ། ཡོན་ཏན་མཐའ་ཡས་པའི་བདག་ཉིད་ཅན་གྱི་རྣམ་པར་ཐར་པ་འདི་ལྟ་བུ་ཐོས་པ་ལ་བརྟེན་ནས་རྗེ་བཙུན་དམ་པ་འདི་ཉིད་ཀྱི་རྗེས་སུ་སློབ་པར་འདོད་པའི་སྐྱེས་བུ་སྐལ་བ་དང་ལྡན་པ་དག་སྤྲོ་བ་འཕེལ་བ་དང༌། གཏི་མུག་དང་ཕྱོགས་འཛིན་གྱིས་བསྒྲིབས་པའི་སྐྱེ་བོ་མ་དད་པར་གྱུར་པ་དང༌། དད་པ་ཅན་རྣམས་ཀྱིའང་དད་པའི་མྱུ་གུ་གོང་ནས་གོང་དུ་འཕེལ་བར་འགྱུར་བ་དང༌། བདག་གཞན་གྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་ཡོངས་སུ་རྫོགས་པ་དང༌། སློབ་དཔོན་མ་ཏི་ཙི་ཏྲས། མི་རྟག་ཉིད་དང་རྗེས་འབྲེལ་ཞིང༌། །ལས་ཀྱི་གླགས་ལ་དོགས་བཅས་