R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༤
[A:༦༤༤]མར་སོང་བ་དང༌། མི་རྣམས་དམུ་རྒོད་ཀྱིས་རྒྱུད་དཀྲུགས་པར་བརྟེན་རེ་བ་དེ་ལྟ་བུ་ནི་མི་འགྲུབ་པར་སྣང༌། དེར་མ་ཟད་དེང་སང་གི་སྐབས་འདིར་དབང་ལུང་སོགས་ལ་དོན་གཉེར་བྱེད་མཁན་ནི་ཉིན་མོའི་སྐར་མ་ལྟར་དཀོན་ཞིང༌། ཕར་ཆེར་སྨིན་བྱེད་ཀྱི་དབང་བསྐུར་ཙམ་ཡང་མ་ཐོབ་པར་དཀྱིལ་འཁོར་ཆེན་པོའི་ལས་ལ་འཇུག་པ་སོགས་ངན་འགྲོའི་རྒྱུ་སྒྲུབ་པ་ཤིན་ཏུ་མང་ཞིང༌། དོན་གཉེར་བྱེད་མཁན་ཉམ་ཆུང་རེ་གཉིས་ཙམ་ཡོད་དུ་ཟིན་ཀྱང་དངོས་པོའི་འབྱོར་པ་ཕྲ་བས་དམིགས་བསལ་ཞུ་མི་ཐུབ་པ་སོགས་དགོས་དོན་དང་གལ་གནད་ཤིན་ཏུ་ཆེ་བས་འདི་ལོ་ནས་བཟུང་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་དབང་བསྐུར་བ་དང༌། ཁྲིད་ཀྱི་རིམ་པ་རྣམས་གཙོ་བོར་བགྱིད་པའི་དབྱར་ཆོས་ཞིག་གནང་བའི་སྲོལ་རྒྱུན་བཟང་པོ་བསྟར་ཆགས་སུ་ཚུགས་པ་ཞིག་ངེས་པར་མཛད་དགོས་ཞེས་བཀའ་ལུང་ཟབ་རྒྱས་ཞལ་ཆེམས་ཀྱི་ཚུལ་ལྟ་བར་གནང་བ་དང་ཆབས་ཅིག་དངོས་འབུལ་རྒྱས་པར་མཛད། དེ་ལ་བརྟེན་ནས་མཁན་ཆེན་གདན་ས་པས་ཀྱང་ཇི་ལྟར་བཀའ་ལུང་སྩལ་བ་བཞིན་ཞལ་གྱིས་བཞེས་ཏེ་དབྱར་གྱི་རིང་ཕལ་ཆེར་རྡོ་རྗེ་ཐེག་པའི་སྨིན་གྲོལ་གཉིས་ཀྱི་གཙོས་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་མཛད་དེ། དེ་ཉིད་ཀྱི་སྲོལ་རྒྱུན་མི་ཉམས་པར་འདི་ལྟར་གནས་པའང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིའི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ཆ་ཤས་ཁོ་ན་ལས་བྱུང་བ་ཡིན་ནོ། །དེས་ན་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་བདེ་འབྲས་དོན་དུ་གཉེར་བས་སྙིང་ནས་ཆོས་བྱེད་པ་རྣམས་ཀྱིས་ནི་ཡབ་རྗེ་དམ་པའི་བཀའ་དྲིན་གྱི་མཐའ་འདི་ཙམ་ཡང་གཞལ་བའི་ཐབས་ག་ལ་ཡོད། དེ་དག་གི་རྗེས་ཐོག་ཧོར་ཟླ་བཞི་པའི་ནང་ཙམ་ནས་བཟུང་རྗེ་རིན་པོ་ཆེ་ཉིད་ཀྱིས་གསན་ཡིག་གི་འཕྲོ་འདི་རྣམས་དང༌། ངེད་ནས