R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༥
[A:༦༤༥]་གངས་ལྗོངས་སུ་སངས་རྒྱས་ལས་ཀྱང་རྙེད་པར་དཀའ་བའི་གསར་མའི་རྒྱུད་སྡེ་རིན་པོ་ཆེའི་དབང་རྒྱུན་རྣམ་དག་བཞུགས་སོ་ཅོག་ཕྱོགས་གཅིག་ཏུ་འདོན་རྒྱུ་ཞིག་བྱུང་ན་སྙམ་ཡང་དེ་སྔ་མ་གྲུབ་པས། ད་ལན་དེའི་དཀར་ཆག་བཅས་འཕྲལ་དུ་འབྲི་ཚར་བ་ཞིག་བྱེད་དགོས་པར་འདུག་གསུངས་ནས་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་དང༌། མཁས་དབང་འཇིགས་མེད་དཔལ་ལྡན། ཁོ་བོ་ཅག་བཅས་ལ་བྲི་རྒྱུ་གནང་ཤིང༌། རྗེ་ཉིད་ནས་ཀྱང་ཐུགས་རྩོལ་གྱིས་འབྲི་བར་གནང་བ་སོགས་ཐུགས་བྲེལ་ཤིན་ཏུ་ཆེ་བར་མཛད། དེ་སྐབས་བཀའ་ལས། ཕྱོགས་འདིར་བསྟན་པའི་བྱ་བ་ཕྲན་བུ་བགྱིས་ཀྱང་དུས་ངན་དམུ་རྒོད་ཀྱི་དབང་གིས་འདི་བྱས་དང་འདི་ཐོན་ཅིའང་མི་འདུག །དེ་ལས་བཤད་སྒྲུབ་ཀྱི་བསྟན་པ་དར་བའི་ས་ཕྱོགས་ཤིག་ཏུ་སྐྱེ་བ་བླངས་ན་ཤིན་ཏུ་ལེགས་སོ་ཞེས་ཐུགས་དབྱུང་བའི་གསུང་ཡང་ནས་ཡང་དུ་སྩལ། ཚུལ་འདི་ལ་དཔག་ན་སྐབས་དེར་སུས་ཀྱང་མ་ཤེས་པ་མ་གཏོགས་སྐུ་ཚེའི་འདུ་བྱེད་དེ་གའི་སྔོན་རོལ་ཞིག་ནས་བཏང་ཟིན་པ་གོར་མ་ཆག་སྟེ། དེའང་སྔ་མ་ས་འབྲུག་དང༌། ས་སྦྲུལ་ལོ་ནང་མདོ་ཁམས་ནས་བསྟན་པའི་སྦྱིན་བདག་ཆེན་པོ་སྡེ་དགེ་ཆོས་རྒྱལ་མཆོག་ནས་རྗེ་འདི་ཁམས་ཕྱོགས་སུ་གདན་འདྲེན་ཞུ་ཡིག་མང་དུ་ཕུལ་བ་དང༌། དེ་དང་ཆབ་ཅིག་ཁང་གསར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་ནས་ཀྱང་ཞུ་ཡིག་ལན་གྲངས་ཕུལ་གནང་མཛད་པར་བརྟེན། ས་སྦྲུལ་ལོར་རྗེ་རིན་པོ་ཆེ་ཉིད་ཀྱི་ཕྱག་བྲིས་ངོ་མ་ཟུར་ཡིག་ཞིག་ཏུ་བོད་ཀྱི་བདེ་དོགས་སོགས་གནས་ཚུལ་སྣ་ཚོགས་ཀྱི་མཐར། ཁྱེད་ཡོན་མཆོད་གཉིས་ཆར་ནས་ངེད་རང་དེ་ཕྱོགས་སུ་འོང་དགོས་ཚུལ་ནན་ཏན་མཛད་བྱུང་བའི་ཞུ་ལན་དངོས་