R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༦
[A:༦༤༦]གཞི་ཕུལ་བ་ལྟར་དང༌། ལྷག་པར་ཕྲན་ད་ལོ་སང་ཕོད་ཀྱི་མི་ལ་རེ་ཆེན་པོ་མ་མཛད། ཁྱེད་རང་ནས་དེ་སྔའང་བསྟན་པ་ལ་ཕན་ཐོགས་ལེགས་པར་མཛད་ཡོད་ཚོད་འདུག་པ་དང༌། ད་དུང་ཡང་བསྟན་པའི་དོན་དུ་ཅི་འགྱུར་གྱི་ཐུགས་རྩོལ་རྒྱ་ཆེན་པོ་མཛད་དགོས་ཚུལ་གྱི་བཀའ་ལུང་ཟབ་རྒྱས་ཕེབ་བྱུང་ཞེས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་རྗེས་སོར་བདག་ལ་བཀའ་སྩལ་བ་དང༌། ཟླ་བ་བདུན་པ་ནང་དཔོན་སློབ་ལས་ཐོག་པ་བློ་གཏེར་དབང་པོ་སྐུ་མདུན་བཅར་དུས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ནི་རྒྱལ་བ་ཤཱཀྱའི་ཏོག་གི་བསྟན་པ་འདི་ལས་གཞན་དུ་འབྱུང་བར་དཀོན་པ་དང༌། བསྟན་པ་འདིའིའང་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པར་ཐུག་པ་དང༌། ལམ་ལ་ཞུགས་པ་ཐམས་ཅད་བྱང་ཆུབ་ཀྱི་ཆེད་དུ་ཡིན་ན་དེ་ཉིད་དཀའ་བ་མེད་པར་དུས་ཐུང་ངུས་མངོན་དུ་བྱེད་ནུས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་སྤྱོད་པ་རྣམས་གཞན་སྡུག་བསྔལ་ལས་སྐད་ཅིག་ཙམ་གྱིས་སྔ་བར་བསྒྲལ་འདོད་ཀྱི་བློ་ཅན་རྣམས་ཐབས་འདིས་རེ་བ་བདེ་བླག་ཏུ་སྐོང་བ་སོགས་རྡོ་རྗེ་ཐེག་པ་སངས་རྒྱས་ལས་ཀྱང་དཀོན་ལ་རིན་ཐང་ཆེ་བ་ཡིན་པའི་ཕྱིར་དང༌། དེ་དག་ཀྱང་རྩ་བ་རྒྱུད་སྡེ་རིན་པོ་ཆེ་རྣམས་ལ་ཐུག་ཅིང༌། དེའང་རྡོ་རྗེ་འཆང་ནས་ད་ལྟ་བར་བཀའ་ཡོད་ལ་སླད་མ་ཞུགས་པར་བྱོན་པས་རྣམ་པར་དག་པ་རྣམས་ངེད་ཀྱིས་ཕྱོགས་གཅིག་ཏུ་བསྒྲིག་པའི་དཀར་ཆག་ཙམ་འགོད་ཀྱིན་ཡོད་པས། དབང་ཆོག་མེད་པའི་འཇིགས་བྱེད་ཞེ་དགུ་མ་ལྟ་བུ་ཁྱོད་ནས་སྒྲིག་ཐོན་ན་དང༌། ཁུ་ན་སྤྲུལ་སྐུ་དང་འཇིགས་མེད་དཔལ་ལྡན་ལའང་གཞན་རྣམས་རིམ་པས་སྒྲིག་བཅོལ་དགོས་པའི་བཀའ་བཀོད་གནང་བཞེད་ཡོད་ཅེས་མ་འོངས་ལུང་སྟོན་ཞལ་ཆེམས་ཀྱི་ཚུལ་དུ་ཕེབ་སྐད་དང༌། དེར་ཡང་མ་ཟད་རྗེ་ཉིད་ཀྱིས་རྒྱུན་