R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༨
[A:༦༤༨]འཁོར་འབུས་བཤིག་པ་དང༌། དུས་སྐབས་འདི་ཙམ་ན་ཨེ་ཝྃ་བླ་བྲང་གཞུང་གི་གསང་སྔགས་ཕོ་བྲང་གི་སྟེང་དུ་མཚན་མོ་འཇའ་ཚོན་ཟུག་པ་དང༌། སྔ་ཕྱིར་རྒྱབ་རི་ལན་གསུམ་ཙམ་ངུ་བ་དང༌། རྒྱབ་རིའི་ངོས་ནས་སྤྱང་ཀྀ་རྒྱུག་པ་དང༌། ཝ་བརྒྱལ་བ་སོགས་ཕྱི་རོལ་དུའང་ལྟས་ངན་པ་སྣ་ཚོགས་བྱུང་བ་དང༌། ཁྱད་པར་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་ཐར་རྩེའི་གཟིམས་ཆུང་བསམ་གཏན་ཡང་རྩེར་སྐུ་མཚམས་ལ་བཞུགས་པའི་མནལ་ལམ་དུ། ཁམས་པ་ལྟ་བུའི་མི་གཉིས་སྐུ་མདུན་དུ་ཐོགས་མེད་དུ་འོངས་ནས་ཐུགས་ཀའི་ཐད་དུ་ལག་པས་ཅུང་ཟད་ཚོལ་རྗེས་སྙིང་ཁྱེར་བ་ལྟ་བུའི་སྣང་བ་ཤར་ཞེས་གསུངས་ལ། དེ་དང་དུས་མཚུངས་ཁང་གསར་མཁན་རིན་པོ་ཆེ་ཁམས་ཕྱོགས་སུ་བཞུགས་ཡོད་པ་ཁྲོམ་ཁོག་ཏུ་གདུལ་བྱར་ཕེབ་པའི་ཧོར་ཟླ་ལྔ་པའི་ཚེས་ཉེར་བཞིའི་ཉིན་རྨད་ཤོད་རྫོང་གསར་དགོན་དུ་ཕེབ། སང་ཉེར་ལྔའི་ཉིན་མཆོག་སྤྲུལ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་ནས་འཆི་མེད་འཕགས་མའི་ཐུགས་ཐིག་གི་བྱིན་རླབས་ཞུ་རྒྱུའི་ཚེས་ཉེར་བཞིའི་ནུབ་མནལ་ལམ་དུ་ཉི་མ་ཤིན་ཏུ་ཆེ་ཞིང་གཟི་བརྗིད་དང་ལྡན་པ་འོད་ཆེ་བ་ལ་ཚད་མེད་པ་ཞིག་གནམ་གྱི་གུང་ཙམ་ན་ཤར་འདུག་པ་ལ། དགུན་ཡིན་སྙམ་པས་མི་ཐམས་ཅད་ཉི་མ་འདེ་ཞིང་འདི་འདྲའི་ཉི་མ་དྲོ་བ་ལ། ཉི་མ་འདི་རྫོགས་ལྡན་གྱི་ཉི་མ་རེད་ཟེར་འདུག་པ་ལ། ཉི་མ་ལ་རྫོགས་ལྡན་དང་རྩོད་ལྡན་གྱི་ཁྱད་པར་རང་ཨི་ཡོད། འོན་ཀྱང་ཉི་མ་དྲོ་བ་ལ་ཚད་མེད་དོ་སྙམ་པའི་མུར་གློ་བུར་དུ་གཟས་ཟིན་སོང་བ་དང༌། རང་གཞན་ཐམས་ཅད་སྡུག་བསྔལ་ཚད་མེད་པ་བྱེད་ཅིང་གསོལ་བ་དིར་དིར་འདེབས་པར་བྱེད་འདུག་པ་ལ། ནུབ་ཕྱོགས་ནས་དང་པོ་ཟླ་བ་དཀར་ཞིང་འོད་ཆེ་བ་ཞིག་ཤར་ནས་