R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༧
[A:༦༤༧]དུ་གསོལ་བའི་རིགས་ལྔའི་དབུ་རྒྱན་ངོ་མཚར་བ་ཞིག་ཡོད་པ་དེ་དང༌། ཕྱག་མཚན་རྡོ་རྗཻ་དྲིལ་བུ་བཅས་ཞབས་དྲུང་རིན་པོ་ཆེ་ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེ་ཉིད་ལ་དེ་སྐབས་ཤིག་གནང་བྱུང་བ་དང༌། བདག་ལ་སྔོན་ནས་གནང་བའི་དབུ་རྒྱན་སོགས་གང་དགོས་ཆ་ཚང་ཡོད་པས་འདི་འདྲ་རྗེ་རིན་པོ་ཆེ་ཉིད་ནས་གསོལ་དགོས་སྟབས་གཏན་ནས་ཞུ་མི་དགོས་སོ་ཞེས་ཡང་ཡང་ཞུས་ཀྱང་ངེད་ལ་དབུ་རྒྱན་སོགས་གཞན་འདྲའང་ཡོད་པས་འདི་རྣམས་ཁྱེད་རང་ནས་ཉར་འཚག་མཛོད་ཅིག་གསུངས་ནས་ནན་ཏན་དུ་སྩལ་བར་མཛད་བྱུང་ཞེས་བཀའ་སྩལ་བ་འདིའང་བདག་ཅག་སློབ་མ་རྣམས་ཡིད་སྡུག་བསྔལ་གྱིས་ནོན་པར་གྱུར་ན་མི་རུང་ངོ་སྙམ་དུ་དགོངས་ཏེ་དངོས་སུ་ཞལ་གསལ་མ་མཛད་ཀྱང་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་བཞེད་ནས་དོན་གྱིས་ན་རྒྱལ་བའི་རྒྱལ་ཚབ་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་བར་མཛད་པར་གདོན་མི་ཟ་སྟེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་དམ་པ་ཏོག་དཀར་པོ་དགའ་ལྡན་གྱི་ལྷའི་རིས་ནས་འཛམ་གླིང་སེར་སྐྱའི་གྲོང་ཁྱེར་ཆེན་པོར་བསྐྱོད་པར་བརྩམས་པ་ན་ཉིད་ཀྱི་ཅོད་པན་རྒྱལ་བ་མ་ཕམ་པའི་དབུར་བཅིངས་ཏེ་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་མངའ་གསོལ་བ་དང༌། ཡང་བདག་ཅག་གི་སྟོན་པ་གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་གཟིམས་མལ་དུ་གཤེགས་པར་ཉེ་བ་ན་གནས་བརྟན་འོད་སྲུང་ཆེན་པོ་ལ་ཁྱོད་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཡིན་གྱི། སྟན་འདི་ལ་འདུག་ཅིག་ཅེས་ཉིད་ཀྱི་བཞུགས་གདན་གྱི་ཕྱེད་བསྟབས་པ་སོགས་ཀྱི་སྒོ་ནས་དོན་གྱི་བསྟན་པ་གཏད་པར་མཛད་དོ་ཞེས་འབྱུང་བ་དང་ཆོས་མཐུན་པའི་ཕྱིར་རོ། །གང་ལྟར་ཡང་སྔ་མ་ས་གའི་སྒྲུབ་མཆོད་ཆེན་པོའི་སྐབས་རྡུལ་ཚོན་གྱི་དཀྱིལ་