R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༩
[A:༦༤༩]ཚུར་ཙམ་སླེབ་པ་དང༌། དེ་རྗེས་ཉི་མ་ལེགས་པ་ཞིག་ཤར་ནས་ཟླ་བ་དེ་མཐོང་རྒྱུ་མེད་པ་ལྟ་བུ་ཞིག་བྱུང་བས་སེམས་ཅུང་ཟད་བདེ་བའི་ངང་ནས་གཉིད་སད་བྱུང་བར་སྔས་མཆི་མས་ཁེངས་འདུག་ཅེས་ཁང་གསར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་ཉིད་ཀྱིས་བདག་ལ་ཕྱག་བྲིས་གནང་བ་ཉིད་སོར་བཞག་ཏུ་བྲིས་པ་ཡིན་ནོ། །དེ་ནས་ཧོར་ཟླ་བརྒྱད་པའི་ཉི་ཤུ་ནང་ཐར་རྩེའི་དབྱར་སྐོང་འཛུགས་སྐབས་མགོན་ཁང་དུ་སྦྲུལ་ལྟ་བུའི་སེམས་ཅན་རིང་ཐུང་མཁྱིད་གང་ཙམ་ཡོད་པ་ཞིག་ཚོགས་པ་རྣམས་ཀྱི་གདོང་ནས་འགྲོ་བ་དང༌། རྐང་གླིང་སོགས་རོལ་མོའི་ཆ་བྱད་རྣམས་ཀྱང་སྔར་ལྟ་བུའི་སྐད་མི་འབྱིན་པ་སོགས་མི་བཟད་པའི་ལྟས་ངན་པ་རྣམས་མངོན་སུམ་དུ་ལྷགས་པ་དང་ཆབ་ཅིག་ཉི་ཤུ་དྲུག་བདུན་ཙམ་ནས་སྔར་ཞབས་འབམ་གྱིས་བསྙུང་བའི་བསྙུང་གཞི་རྙིང་པ་དེ་ཉིད་འཕར་བ་ལྟ་བུས་ཞག་ཤས་བར་ཞབས་ཤིན་ཏུ་བསྙུངས་པའི་ཚུལ་བསྟན། དེ་ལ་རྗེ་རང་གི་དགོངས་དཔྱད་ཀྱིས་གསོལ་སྨན་དང་ལབ་ཁུའི་བྱུག་པ་སོགས་མཛད་པས་ཅུང་ཟད་ཡར་དྭངས་ནས་གཟིམས་ཆུང་ཕན་ཚུན་དུ་ཕེབ་བདེ་བ་ཙམ་བྱུང༌། དེ་ནས་དཔོན་མཛོད་པས་ཨེམ་ཆི་བོས་ན་ལེགས་ཚུལ་ཞུས་པ་ལྟར་གཞིས་རྩེ་ནས་འཇད་པ་ཨེམ་ཆེ་བོས་ཏེ་ཐོག་མར་ཞག་དྲུག་བདུན་ཙམ་ཞབས་འབམ་ཕབ། དེ་མཚམས་སྨན་དཀར་བཏང་བས་དེའི་རྐྱེན་གྱིས་བསྙུང་གཞི་འཐོར་བ་ལྟ་བུས་སྐུ་སྟོད་དང༌། ལྗགས་ཕོ་ཤིན་ཏུ་བསྙུངས་པར་གྱུར། ཁྱད་པར་མི་གྲིབ་ཅན་འདྲ་སྐུ་མདུན་དུ་སྡོད་པའམ་དེར་ཡོད་རིང་ཐུགས་རིག་ཤིན་ཏུ་མི་གསལ་ཞིང་གསུང་འཕྲོས་སོགས་ཅི་ཡང་མི་གནང་ལ། དེ་འདྲ་མེད་སྐབས་ཐུགས་རབ་གསལ་ཞིང་གསུང་འཕྲོས་ཀྱང་དུས་རྒྱུན་བཞིན་མཛད་པར་སྣང་ངོ་ཞེས་ཞབས་དྲུང་རིན་པོ་ཆེས་གསུངས་ལ། ལྷག་པར་