[A:༦༥༠]ཞབས་དྲུང་རིན་པོ་ཆེ་དང༌། འཇིགས་མེད་དཔལ་ལྡན་བཅས་ལ་ནད་འདིས་འཚོ་མིན་ཐག་ཆོད་ཡོད་པའི་བརྟག་པ་ཞིག་གྱིས་ཤིག་གསུངས་པར། ཞབས་དྲུང་རིན་པོ་ཆེའི་ཕྱག་མོ་ཅུང་ཟད་རྩུབ་ཅིང་ཞབས་བརྟན་སོགས་ཀྱང་མང་དུ་བབས་པ་དང༌། འཇིགས་མེད་ནས་བཀའ་འགྱུར་གསུང་སྒྲོགས་བགྱིས་ན་ཉེས་སྐྱོན་ཆེ་བ་རང་མེད་དམ། འོན་ཏེ་གསོལ་སྨན་ཚ་ཤས་ཆེ་བ་སོགས་ནི་བཞེས་མི་རུང་འདྲ་ཞེས་ཞུས་ཤིང༌། གང་ལྟར་ཡང་ཚོགས་ཆེན་དུ་བཀའ་འགྱུར་ཞལ་ཕྱེ་དང༌། གཞན་ཡང་ས་བདག་འཁྲུགས་བཅོས། ཚེ་དཔག་འཆི་བསླུ། མཎྜལ་བཞི་ཆོག་སོགས་ཞབས་བརྟན་འདྲའང་ཕྲན་བུ་བསྒྲུབས། ཞལ་སློབ་དཔོན་སློབ་ལས་ཐོག་པ་བློ་གཏེར་དབང་པོ་སོགས་ནས་ཞབས་བརྟན་འདྲ་ཕུལ་ཀྱང་རྗེས་སོར་མཇལ་འོང་གསུངས་པ་ཙམ་ལས་དམིགས་བསལ་གྱི་ཞལ་གསལ་སོགས་ནི་ཅིའང་མ་གནང༌། དེ་སྐོར་ཞབས་དྲུང་རིན་པོ་ཆེ་ཚེ་སྒྲུབ་སྐུ་མཚམས་ཞིག་བཞུགས་ཡོད་སྟབས་ལོ་དེར་ཟླ་བ་དགུ་པ་ཉིས་བརྩེགས་བྱུང་བའི་སྔ་མའི་ནང་རྗེ་རིན་པོ་ཆེ་བསྙུང་བབ་ལྕི་བས་སྐུ་མཚམས་གྲོལ་རྒྱུ་བྱས་ན་ལེགས་སམ་ཞུས་པས་ད་ལན་མཚམས་དེ་མཐར་ཕྱིན་པར་གྱིས། དགུ་པ་རྗེས་མའི་ཚེས་གཅིག་ཙམ་ལ་གྲོལ་བས་ཆོག །དེ་བར་བྲེལ་བ་མི་འདུག་གསུངས། འོན་ཀྱང་དེ་སྐབས་རྗེ་རིན་པོ་ཆེའི་མདུན་ཉིན་མོ་ནི་ཕལ་ཆེར་ཨེམ་ཆི་སྡོད་པས་ཐུན་བར་ཨེམ་ཆི་མེད་སྐབས་རྣམས་སུ་སྐུ་མདུན་དུ་བཅར་བཞུགས་མཛད་ཅིང༌། མཚན་གྱི་རིང་རྟག་ཏུ་བཞུགས་པར་མཛད། གནས་སྐབས་དེ་དག་ཏུ་སྤྱིར་བསྙུང་བབ་གཞི་ལྕི་བ་ཙམ་ལས་ལྷག་ཏུ་ཐུ་བར་མངོན་པ་སོགས་ནི་ཅིའང་མེད། རྗེའི་བཀའ་ལྟར་ཚེས་གཅིག་གི་ཉིན་ཞབས་དྲུང་རིན་པོ་ཆེ་སྐུ་མཚམས་གྲོལ་ནས་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་བ་ནན་ཏན་དུ་བཏབ་པས།