R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༥༢
[A:༦༥༢]བསོད་ནམས་ཀྱིས་མི་འཆུན་པ་སྲིད་ན་རྗེས་ཀྱི་དགོངས་རྫོགས་སྒྲུབ་ལུགས་སོགས་ཀྱི་ཞལ་ཆེམས་ཤིག་གནང་ཐུབ་པ་མཛད་དགོས་ཞུས་པས། དེ་སྔོན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་ངོར་ཆེན་རྡོ་རྗེ་འཆང་གི་བསྟན་པར་ཞབས་འདེགས་གང་འགྲུབ་བགྱིས་པ་དེ་ཡིན་མོད། ད་ནི་བྱ་བ་འདི་ལྟ་བུ་མ་གྲུབ་པར་ལུས་སོ་སྙམ་པའི་སེམས་ཀྱི་ལྷག་མ་དང༌། ཁ་ཆེམས་འཇོག་དགོས་པ་སོགས་ཅིའང་མེད་དོ་ཞེས་ཞབས་འབྲིང་པ་རྣམས་ལ་གསུང་གི་ཐ་མ་སྩལ། དེ་མཚམས་སྐུ་དྲང་པོར་བསྲངས། ཞབས་སྐྱིལ་ཀྲུང་དང༌། ཕྱག་གཡས་མཆོག་སྦྱིན། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་དེ་ཅུང་ཟད་ཅིག་ནས་ཕྱག་བརྡ་མཛད་པ་ལྟར། བྱིན་རྟེན་རྣམས་ཕུལ་བས་ཕྱག་གིས་བཞེས་ཏེ་གཟུངས་སྔགས་ཞིག་ཡིན་ནམ་སྙམ་པའི་མཁའ་སྤྱོད་ཞལ་འདོན་མཛད་པའི་ཡུན་ཙམ་ཞིག་ལ་གསུངས། དེ་གྲུབ་ནས་ཕྱག་ཕྲེང་གསོལ་ཅོག་སྟེང་དུ་བཞག་སྟེ་ཕྱག་རྒྱ་སྔར་བཞིན་མཛད། སྐབས་ཤིག་ཤར་ཕྱོགས་ངོས་སུ་ཕྱག་མཛུབ་བསྟན། ཞལ་འཛུམ་བག་དང་ལྡན་པ་སོགས་མཉེས་ཚོགས་ཆེན་པོའི་སྒོ་ནས་དབང་བཞིའི་བརྡ་རྣམས་གསལ་བར་མཛད་དོ། །དེ་ལྟར་ལྕགས་ཕོ་རྟའི་ལོའི་ཧོར་ཟླ་དགུ་པ་ཉིས་བརྩེགས་ཀྱི་དགུ་པ་ཕྱི་མའི་ཚེས་བཞི་ཉི་དྲོས་སྦྲུལ་གྱི་སྟེང་དུ་ཐུགས་དམ་ཟབ་མོའི་ངང་ནས་སྟོང་པ་གསུམ་རིམ་གྱིས་ཐིམ་སྟེ་ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་པར་གྱུར་ཏོ། །དེའི་ཚེ་གློ་བུར་དུ་ཆར་ཟིམ་བུ་ཅུང་ཟད་བབས་རྗེས་ནམ་མཁའི་དབྱིངས་ཐམས་ཅད་འཇའ་སྤྲིན་ཁ་དོག་སྣ་ཚོགས་ཀྱིས་ཁྱབ་པ་ལ་ཤར་དུ་སྤྲིན་དཀར་པོ་རྣམ་རྒྱལ་མཆོད་རྟེན་གྱི་གཟུགས་ཅན་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་ཏོག་དང་བཅས་པའི་གཡས་གཡོན་ཉི་ཟླའི་དབྱིབས་ལྟ་བུའི་བཀོད་པ་ངོ་མཚར་བ་