R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༥༣
[A:༦༥༣]སྣང་བ་སོགས་སྐྱེ་འགྲོ་ཐམས་ཅད་ཀྱི་ཡིད་རང་དབང་མེད་པ་འཕྲོགས་པར་གྱུར་ལ། གང་ལྟར་ཡང་མགོན་པོ་བྱམས་པས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་གསུངས་པ་ལྟར་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་རྫོགས་པའི་སངས་རྒྱས་དེ་ལྟ་བུའི་མཚན་དཔེའི་དཔལ་ཕུན་སུམ་ཚོགས་པ་དེའང་མིག་གི་ལམ་དུ་མི་མངོན་པར་གྱུར་པས་བདག་ཅག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་གོ་སྐབས་དེ་ཙམ་དུ་མཐར་ཐུག་པར་གྱུར་ཏོ། །དུས་ཀྱི་ཉི་མ་དེ་ལྟ་བུ་ཤར་བ་ན་བདག་སོགས་མགོན་མེད་པའི་གདུལ་བྱ་རྣམས་ནི་བཅོམ་ལྡན་འདས་ཀྱིས་འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མའོ་ཞེས་བཀའ་སྩལ་པ་དང༌། སངས་རྒྱས་ཞེས་བྱ་བའང་རྣམ་པར་དག་པའི་སེམས་ཀྱི་རང་བཞིན་ཙམ་དུ་ཟད་ཀྱི། སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པ་དང༌། སྙིང་ནས་གསོལ་བ་འདེབས་པ་རྣམས་ལ་བླ་མའི་ཐུགས་རྗེ་ཉེ་རིང་མེད་ཅིང་བྱིན་རླབས་མྱུར་དུ་འཇུག་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་རང་རང་གི་སེམས་ཅུང་ཟད་ངལ་བསོ་བར་བྱེད་པ་ཙམ་ལས་བྱ་ཐབས་གཞན་ཐམས་ཅད་ནི་དེར་ཟད། ཟབ་མོའི་དོན་སེམས་པ་ལ་ཀློང་དུ་མ་གྱུར་པའི་དབང་གིས་བསམས་ཤིང་ཡིད་སྐྱོ་བ་ལ་ཚད་མེད་པ་ཞིག་གི་ངང་ནས་གདུང་བའི་མིག་ཆུ་ཆར་བཞིན་བབས་པ་དང་བཅས་སྨྲེ་སྔགས་འདི་ལྟ་བུ་དབང་མེད་དུ་ཤོར་བར་གྱུར་ཏོ། །བསྟན་འགྲོའི་སྲོག་གི་ཟུངས་དང་འཇིག་རྟེན་དུ། །བདུད་རྩིའི་རྒྱ་མཚོ་གཅིག་གྱུར་མགོན་དེ་ཡང༌། །ཆོས་དབྱིངས་ཞི་བའི་གྲོང་དུ་གཟིགས་གྱུར་པས། །ཀྱེ་མ་