[A:༦༥༤]འགྲོ་འདིའི་བསོད་ནམས་དེ་ལྟར་ཟད། །བསྟན་པའི་ཉི་མ་གློ་བུར་ནུབ་པ་ཡིས། །མི་བཟད་དུས་ཀྱི་སྔོན་དེར་བདག་གི་སྲོག །སོང་བར་མ་གྱུར་ལས་ཀྱིས་བཟུང་བ་བཞིན། །དམྱལ་བ་ལྟ་བུ་མུན་པའི་ནང་འདིར་འཁྱམས། །འཇིག་རྟེན་གསལ་བྱེད་འགྲོ་བ་ཀུན་གྱི་མིག །དུས་གཅིག་ཉིད་དུ་འདི་ལྟར་ལྷུང་གྱུར་པའི། །སྐལ་ངན་འདིས་ཀྱང་དུམ་བུར་མི་འཐོར་བའི། །སྙིང་གི་ཁམས་འདི་རྡོ་རྗེ་ཉིད་དུ་མངོན། །སྨྲ་དབང་ཆོས་ཀྱི་ཉི་མ་ནུབ་པ་དང༌། །ཐུབ་བསྟན་པདྨོའི་བང་མཛོད་བསྡམས་གྱུར་པས། །སྐྱེ་རྒུ་མ་ལུས་ཅིག་ཅར་བརླག་མཐོང་བའི། །མ་རུངས་ཚེ་འདི་ཅི་ལྟར་རིང་བ་ཞིག །འཇིག་རྟེན་འདི་ན་གཅེས་པའི་སྲོག་དང་ནི། །ལུས་ཀྱི་འཁྲི་ཤིང་སྐྱེད་པའི་ཕ་མས་ཀྱང༌། །མཚོན་པར་མི་ནུས་ཐུགས་རྗེའི་རྒྱ་མཚོ་ཆེ། །བདག་གི་སྙིང་གི་དུམ་བུ་གང་དུ་སྟོར། །ཆུ་བོའི་རྒྱུན་ལྟར་ཟད་པར་མ་གྱུར་པའི། །མྱ་ངན་མཆི་མ་དང་བཅས་བོས་གྱུར་ཀྱང༌། །ས་སྟེང་མགོན་དང་བྲལ་བ་འདི་མཐོང་ན། །དགྲ་ཡི་མིག་ནས་མཆི་མ་མི་འཆོར་རམ། །སྔོན་ཆད་ལྷས་ཀྱང་མཐོང་བར་མ་གྱུར་པའི། །ངོ་མཚར་ལྟས་ཀྱིས་ས་སྟེང་གང་གྱུར་ཀྱང༌། །ཤུགས་དྲག་སྙིང་གི་ཆུ་གཏེར་ཁོལ་བ་ཡི། །མྱ་ངན་མིག་འདིས་བལྟ་བའི་གོ་སྐབས་ཅི། །སྡུག་བསྔལ་མེ་ལྕེ་སྟོང་གིས་ཅི་ནས་ཀྱང༌། །གལ་ཏེ་ལུས་སེམས་བསྲེག་པ་མི་བཞེད་ན། །ལྟས་བཟང་རྣམ་འཕྲུལ་ཙམ་གྱིས་མི་བྲིད་པར། །གཟུགས་ཀྱི་སྐུ་དེ་མངོན་སུམ་བསྟན་དུ་གསོལ། །བསོད་ནམས་མིན་པའི་གནས་སྐབས་འདི་འདྲ་ལ། །ད་ནི་ཕྱིར་བཅོས་ཅུང་ཟད་མ་མཐོང་ནས། །གསོལ་འདེབས་ཙམ་གྱིས་ར་མདའ་སྦྲོན་ལགས་ན། །ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུང་ཞིག་ཀྱེ། །ཞེས་ཆོ་ངེ་དྲག་པོ་དུས་གཅིག་ཏུ་ཐལ་ལོ། །དེ་ལྟར་ཡོངས་སུ་མྱ་ངན་ལས་