R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༥༥
[A:༦༥༥]འདས་པའི་ཚུལ་བསྟན་པ་དེ་ནས་བཟུང་བདག་ཅག་དགེ་སློང་བཞིས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་དང༌། དཔལ་ཀྱེ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་རིམ་པ་ལ་སོགས་པ་རྗེ་ཉིད་ཀྱི་རྒྱུན་དུ་ཇི་ལྟར་ཐུགས་ཉམས་སུ་བཞེས་པའི་ཡི་དམ་ལྷའི་སྒྲུབ་ཐབས་རྣམས་དང༌། གཏོར་བསྔོས་ཀྱི་རིམ་པ་དང་བཅས་པ་ཐུགས་དམ་མ་གྲོལ་གྱི་བར་དུ་ཐུན་གཉིས་སུ་བཅད་ནས་ཉམས་སུ་བླངས་པ་ཡིན་ལ། གང་གི་ཚེ་ཐ་མའི་གཟིམས་མལ་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་ལ་མངོན་དུ་ཕྱོགས་པར་གྱུར་པ། ཚེས་བཞིའི་ཐོ་རངས་ཙམ་ནས་བཟུང་ཞལ་གྱི་དཀྱིལ་འཁོར་སྔར་ལས་གསལ་ཞིང་སྐུ་ལུས་གཟི་བརྗིད་དང་ལྡན་པ་སོགས་བླ་ན་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པའི་གང་ཟག་རྣམས་ཀྱི་དབང་པོ་ཡོངས་སུ་གསལ་ཞིང༌། བཞིན་གྱི་མདོག་ནི་དག་ལ། པགས་པའི་མདོག་ནི་དཀར་བ་ལ་སོགས་པ་སྔར་ལས་གནས་ཡོངས་སུ་འགྱུར་བར་གསུངས་པ་དང་མཚུངས་པར་གྱུར་ཏོ། །སྐབས་དེ་དག་ཏུ་འཇའ་སྤྲིན་ཁ་དོག་སྣ་ཚོགས་པ་རྒྱུན་མི་འཆད་པ་ཞིག་བྱུང་ཡང༌། ཚེས་བདུན་གྱི་སྔ་དྲོ་ལྷག་པར་འཇའ་སྤྲིན་མང་བ་དང༌། ཁྱད་པར་སྨན་རྩེའི་མདོག་ལྟ་བུའི་འཇའ་སྤྲིན་ཐིག་ལེ་དང་ཐིག་ཕྲན་གྲངས་མེད་པ་དག་གིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པ་ལ། རྒྱབ་རིའི་ངོས་ནས་ལྷོ་ཕྱོགས་སུ་འཇའ་སྔོན་པོ་མཐའ་ཁ་དོག་སྣ་ཚོགས་ཡོད་པ་ཆེད་དུ་བྲིས་པ་ལྟ་བུ་ཞིག་དར་ཡུག་བརྐྱངས་པ་བཞིན་ལྷོ་ཕྱོགས་ལོགས་སུ་ཟུག་པའི་སྣེ་མོར་འཇའ་ཁ་དོག་སྣ་ལྔ་དབྱིབས་གྲུ་བཞི་འདོམ་གང་གི་རྒྱ་ཁྱོན་ཙམ་གྱི་དབུས་ཀྱི་ཆ་ཐམས་ཅད་ནམ་མཁའི་མདོག་དང་མཚུངས་པའི་སྔོན་པོ་འབའ་ཞིག་ཏུ་སྣང་བ་སོགས་བལྟ་བར་མི་བཟོད་པའི་བཀོད་པ་དང་ལྡན་པར་ཤར་བ་དང༌། ཚེས་དྲུག་གི་ནུབ་ཞབས་དྲུང་རིན་པོ་ཆེའི་མནལ་ལམ་དུའང་