[A:༦༥༦]རྗེ་དེ་ཉིད་སྔར་གྱི་རྣམ་པ་ཇི་ལྟ་བ་བཞིན་ཕེབ་སྟེ་གསུང་འཕྲོས་འགའ་ཞིག་མཛད་ཅིང་ཕྱོགས་གཞན་ཞིག་ཏུ་ཕེབ་པར་བརྩམས་པའི་གཟིགས་སྣང་ལ་བརྟེན་ཐུགས་དམ་གྲོལ་བ་ཡིན་ནམ་སྙམ་དུ་དགོངས་ཏེ་ནངས་པར་སྔ་བར་སྐུ་གདུང་རིན་པོ་ཆེ་མཇལ་བ་ལ་ཕེབས་པ་ན་དབུ་མདུན་དུ་ཅུང་ཟད་གུག་པར་མངོན་པ་ཙམ་ལས་ཞལ་མདངས་སོགས་སྔར་གྱི་དེ་ཀར་འདུག་པས་ཇི་ལྟ་བ་བཞིན་མ་ངེས་པའི་དབང་གིས་དེ་ཉིན་བཅས་བཅོས་ཅིའང་མ་ནུས། ཕྱི་ཉིན་ཚེས་བརྒྱད་ཀྱི་སྔ་དྲོ་ཞིབ་ཏུ་མཇལ་བས་ཤངས་བུག་གཉིས་ནས་བཟུང་མགུལ་གོང་གི་ན་བཟའི་བར་དུ་རྟ་རྔའི་སྦོམ་ཕྲ་ཙམ་གྱི་སྐྱ་ནར་བ་ཞིག་ཀ་བ་བཙུགས་པ་ལྟ་བུ་སྣང་བ་ཞིག་ཏུ་གཟིགས་པས་བྱང་སེམས་བབས་པའི་རྗེས་སུ་མངོན་པས། སླར་ཡང་ན་བཟའི་ནང་དང་སྐུ་ལུས་སོགས་ལ་ལེགས་པར་བརྟགས་པའི་ཚེ་བྱང་སེམས་དཀར་པོ་འབའ་ཞིག་མགུལ་གོང་དུ་བབས་པ་རྣམས་བསྐམས་ཟིན་འདུག་པ་བཅས་སླར་ཡང་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ལས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བར་མཛད་པའམ། རྣམ་པ་གཅིག་ཏུ་ན་སྤྲུལ་པའི་རོལ་པ་སྣ་ཚོགས་སུ་སྟོན་པར་མཛད་པ་འོག་མིན་ལྷའི་རྒྱལ་པོའི་གནས་ན་བཞུགས་པའི་སྤྲུལ་གཞི་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པ་ཉིད་ཀྱི་ཐུགས་ཀར་ཐིམ་པར་གདོན་མི་ཟའོ། །དེ་ནས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་སྡོང་ཆེན་པོ་སྐུ་གདུང་རིན་པོ་ཆེ་དེ་ཉིད་ལ་ལྷ་རྫས་ཀྱི་ན་བཟའ་དང༌། རིགས་ལྔའི་དབུ་རྒྱན་ལ་སོགས་པ་གསོལ་ཏེ་ཤིན་ཏུ་མཐོ་ཞིང་བརྗིད་པའི་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་ནས་དད་པ་ཅན་རྣམས་ཀྱི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཆེན་པོ་སྤེལ་བའི་སླད་དུ་མཇལ་ཞིང་ཕྱག་