R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༥༨
[A:༦༥༨]མཛད་པ་ནས་བཟུང་ཞག་བཞི་བཅུ་ཞེ་དགུའི་བར་དུ་དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་འཛུགས་པར་མཛད་དེ། དེའང་ཞག་བདུན་ཕྲག་དང་པོར་དུས་ཐ་མའི་ཆོ་ག་དང་འབྲེལ་བར་དཀྱིལ་འཁོར་གྱི་གཙོ་བོར་དབང་བསྐུར་བ་ལ། མཎྜལ་འབུལ་བ་ལ་སོགས་པ་ལས་ཀྱི་རྡོ་རྗེའི་བྱ་བ་རྣམས་ཞབས་ཏོག་གི་ཚུལ་དུ་སྒྲུབ་པར་མཛད་པའི་ཐུགས་མོས་དང་བཅས་ཞབས་དྲུང་རིན་པོ་ཆེ་ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེ་ཉིད་ཀྱིས་ཕྱག་ལེན་དུ་མཛད་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་བདུན་ཕྲག་རེ་རེའི་མཚམས་སུ་གཤེགས་སུ་གསོལ་ནས། སླར་ཡང་གསར་དུ་བཞེངས་པ་སོགས་རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་དག་གི་ཡིག་ཆ་དང་མཐུན་པར་ཕྱག་ལེན་ཤིན་ཏུ་དག་པར་མཛད། བདུན་ཕྲག་གཉིས་པ་ནས་བཟུང་དུས་མཐའི་ཆོ་ག་དང་དབང་བསྐུར་བའི་སྤྲོས་པ་སོགས་མེད་པར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་དམིགས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། གསོལ་བ་འདེབས་པ་སོགས་ཚུལ་བཞིན་དུུ་ མཛད། བདུན་ཕྲག་བདུན་པའི་དཀྱིལ་འཁོར་གཤེགས་གསོལ་སྐབས་དཔའ་བོའི་སྟོན་མོ་དང༌། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་དང༌། ཆོས་སྐྱོང་སྲུང་མ་རྣམས་ལ་གཏང་རག་གི་ཚུལ་དུ་སྤྱི་བསྟབ་ཀྱི་སྒོ་ནས་གཏོར་མ་འབུལ་བ་སོགས་ཤིན་ཏུ་ཟབ་རྒྱས་སུ་མཛད་ཅིང༌། གཞན་ཡང་ཞག་བདུན་ཕྲག་རེ་རེ་རྫོགས་པའི་ཉིན་རྣལ་འབྱོར་པ་བཞི་རེས་རྗེས་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་ཆེན་པོ་ལེགས་པར་བཞེངས་ཏེ་སྒྲུབ་མཆོད་བདག་འཇུག་དང་བཅས་པ་ཚུལ་བཞིན་དུ་མཛད་པ་དང༌། དེར་མ་ཟད་ཞི་བར་གཤེགས་པའི་ཚུལ་བསྟན་པར་མཛད་པའི་ཚེས་བཞིའི་ཉིན་མོ་དེ་ཉིད་ནས་བཟུང་དགུང་ཞག་མ་རྫོགས་ཀྱི་བར་དུ་དགེ་སློང་བཅུ་རེས་བཅོམ་ལྡན་