R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༥༩
[A:༦༥༩]འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་བརྟག་པ་དང་པོ་ནས་བསྟན་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་སུམ་ཅུ་སོ་བདུན་མགྲོན་ཐབས་ཀྱི་ལྷ་དང་བཅས་པའི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་སྒྲུབ་ཅིང་མཆོད་པ་དང་འབྲེལ་བར་བླ་མ་དང་ཁྱབ་བདག་རྣམ་སྣང་ཆེན་པོ་ཐ་མི་དད་པའི་སྤྱན་སྔར་བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པའི་སྒོ་ནས་ཉིན་རེ་བཞིན་ཆོ་ག་ཚར་གཉིས་རེ་མཛད་པ་དང༌། ལྷག་པར་བདུན་ཕྲག་རེ་རེ་རྫོགས་པའི་ཉིན་གོང་གི་ཚོགས་པ་རྣམས་ཀྱི་སྟེང་དུ་སླར་ཡང་དགེ་སློང་བཅུ་རེ་བསྣན་པའི་ཉི་ཤུ་རེའི་དབུར་བླ་ཁག་གི་མཁན་ཆེན་རྣམས་དང༌། ཞབས་དྲུང་རྣམས་དང༌། ཚོགས་ཆེན་གྱི་དཔོན་སློབ་ལས་ཐོག་པ་སོགས་བླ་མ་རེ་རེ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་གདན་ཞུས་ཀྱི་ཐོག །དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་འཛད་པ་མེད་ཅིང་གོང་ནས་གོང་དུ་འཕེལ་བ་དང༌། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཟག་མེད་ཐུགས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་རྫོགས་པའི་བསྔོ་བ་རྣམ་པར་དག་པའི་རྒྱས་འདེབས་པ་དང་བཅས་པ་མཛད་དོ། །དེའང་མཁན་རིན་པོ་ཆེ་རྣམས་ཀྱི་མདུན་མཆོད་ཆ་ན་བཟའ་ལ་སོགས་པ་མདོར་ན་དངུལ་སྲང་བརྒྱ་སྐོར་གྱི་རྩིས་དང༌། ཞབས་དྲུང་རིན་པོ་ཆེ་རྣམས་ཀྱི་མདུན་དངུལ་སྲང་དྲུག་ཅུ་རེའི་རྩིས་དང༌། གཞན་ཡང་དཔོན་སློབ་རིན་པོ་ཆེ་སོགས་བླ་མ་སོ་སོར་འབུལ་བ་ཟབ་རྒྱས་སུ་མཛད་པ་དང༌། སྒྲུབ་མཆོད་ཁག་གི་ཚོགས་སུ་བཞུགས་པའི་དགེ་འདུན་རྣམས་ལའང་རྒྱུན་དུ་དངུལ་ཞོ་རེ་དང༌། སྐུ་ཚིགས་སོ་སོར་ཊཾ་རེ་རེ་ཕུལ་བར་མཛད་ཅིང༌། སྐབས་སྐབས་སུ་སྐུ་གདུང་རིན་པོ་ཆེའི་མདུན་མཆོད་འབུལ་ཟབ་རྒྱས་དང་འབྲེལ་བར་བླ་མ་མཆོད་པའི་ཆོ་གའང་ལན་གྲངས་དུ་མའི་བར་དུ་མཛད་པ་དང༌། གཞན་ཡང་རྗེ་བཙུན་དམ་པ་དེ་ཉིད་