R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༠
[A:༦༦༠]ཀྱི་ཐུགས་བཞེད་ཀྱི་སྙིང་པོ་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་དར་ཞིང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འགྲོ་འདུལ་གྱི་ཕྲིན་ལས་རླབས་པོ་ཆེ་རྒྱུན་མི་འཆད་པ་འབྱུང་བ་སོགས་ཐུགས་ཀྱི་བཞེད་པ་མཐའ་དག་ཡོངས་སུ་རྫོགས་པའི་ཆེད་དུ་དམིགས་ཏེ་རྡོ་རྗེའི་ཆོས་སྲུང་རྣམས་ལ་ཐུགས་དམ་བསྐང་བ་དང༌། ཕྲིན་ལས་བཅོལ་བ་ལ་སོགས་པའང་ལན་མང་དུ་མཛད་པ་ཡིན་ལ། ཁྱད་པར་ས་ལ་སྤྱོད་པའི་འོག་མིན་གཉིས་པ་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་ཆེན་པོར་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་བདག་བསྐྱེད་བསྙེན་པ་རྒྱས་པ་དང་འབྲེལ་བའི་དཔལ་ཀུན་ཏུ་རིག་པ་ཆེན་པོའི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཆོ་ག་ཉིན་གྲངས་བདུན་དང༌། བླ་མ་མཆོད་པའི་ཆོ་ག་ཉིན་གཉིས་སུ་ཚོགས་པར་མཛད་པའི་ཚེའང་ཐོག་མའི་ཉིན་བདུན་ལ་དངུལ་ཞོ་པ་ཕྱེད་བརྒྱད་སྤེལ་མ་དང༌། ཉིན་གཉིས་ལ་གྲྭ་པ་ཉི་ཤུ་རེར་ལྗོན་འདབ་བརྒྱད་པ་བག་རེ་ཕུལ་བ་སོགས་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་ཤིང༌། དགེ་བའི་རྩ་བ་དེ་དག་ཀྱང་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བའི་རྒྱས་འདེབས་པའི་ཆེད་དུ་དམིགས་ཏེ་མཁན་རིན་པོ་ཆེ་ཁྲི་ཐོག་པ་ཚོགས་ཀྱི་དབུར་ལན་གཉིས་སུ་གདན་ཞུས་མཛད་པར་འབུལ་བ་ཟབ་རྒྱས་དང༌། དཔོན་སློབ་ལས་ཐོག་པར་ཡང་སྔ་ཕྱིར་ཚོགས་བསྔོ་ཞུ་རྟེན་ལན་གསུམ་ཙམ་ཕུལ་བར་མཛད་པ་ཡིན་ནོ། །དེ་ལྟ་བུའི་དགུང་ཞག་ཡོངས་སུ་རྫོགས་པ་མ་གྲོལ་གྱི་བར་དུས་ཐམས་ཅད་དུ་ནམ་མཁའི་ཕྱོགས་འབའ་ཞིག་ལ་སྤྲིན་དམར་པོ་གླེགས་བམ་གྱི་དབྱིབས་ལྟ་བུ་དང༌། ཕལ་ཆེ་བར་ནི་མཆོད་པའི་བྱེ་བྲག་སྣ་ཚོགས་པ་དང༌། བཀྲ་ཤིས་པའི་རྟགས་ཀྱི་གཟུགས་བརྙན་ཅན་གྱི་འཇའ་སྤྲིན་ཁ་དོག་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པར་ཤར་བས་རྟ་ནག་དང༌། གཞིས་རྩེ་ལ་སོགས་པ་