R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༡
[A:༦༦༡]ཕྱོགས་ཐ་དད་ན་འཁོད་པའི་སྐྱེ་འགྲོ་རྣམས་ཀྱིས་ཀྱང་སྔོན་ཆད་གང་དུའང་མཐོང་ཐོས་སུ་མ་གྱུར་པའི་ངོ་མཚར་མིག་གི་བདུད་རྩི་འདི་ལྟ་བུ། འཇིག་རྟེན་གྱི་ཁམས་སུ་སྐྱེས་བུ་དམ་པ་ཞིག་གསར་དུ་འཁྲུང་པའམ། ཡང་ན་ཞིང་ཁམས་གཞན་དུ་གཤེགས་པའི་ལྟས་འདྲ་ཡིན་ནམ། ཞེས་ཐམས་ཅད་ཐེ་ཚོམ་དུ་གྱུར་པས་གཅིག་ལ་གཅིག་ཡང་ནས་ཡང་དུ་གླེང་བར་བྱེད་དོ་ཞེས་གྲགས་ལ། ཁྱད་པར་དགུང་ཞག་ཡོངས་སུ་རྫོགས་པ་གྲུབ་པའི་རྗེས་ཐོག་སྔར་བཤད་པ་ལྟར་ཁམས་ཕྱོགས་ནས་ཁང་གསར་མཁན་རིན་པོ་ཆེ་ཁྲོམ་ཁོག་ཏུ་གདུལ་བྱར་ཕེབ་པ་ཚུར་བྱོན་ནས་འཛིན་རྣམ་རྒྱལ་མགོན་ཁང་དུ་བཞུགས་ཡོད་སྐབས་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཀྱི་ནུབ་མནལ་ལམ་དུ་ནུབ་ཕྱོགས་ནས་སྤྲིན་དཀར་པོ་དར་ཡུག་བརྐྱངས་པ་ལྟ་བུ་ཞིག་གི་སྣ་ལ་རྗེ་རྡོ་རྗེ་འཆང་དེ་ཉིད་ཆོས་གོས་ལ་སོགས་པའི་ན་བཟའ་རྣམས་དུས་རྒྱུན་གྱི་རྣམ་པ་ཇི་ལྟ་བ་ལ། དབུ་ཞྭ་ས་ཞུ་རྙིང་སོང་ཞིག་བཞེས། ཕྱག་གཡས་ཀྱིས་རྡོ་རྗེ་དང༌། གཡོན་པས་དྲིལ་བུ་གསིལ་ཞིང་སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁར་ཕེབ་བྱུང་བ་དང༌། ཤིན་ཏུ་དགྱེས་པ་ཆེན་པོས་བྱིན་རླབས་ཤིག་ཞུ་སྙམ་པའི་ངང་ནས་རྗེ་དེ་ཉིད་ཞལ་འཛུམ་པ་དང་བཅས་ད་ནི་ངེད་འགྲོ་བ་ཡིན། ཁྱེད་རང་ནས་དམ་ཚིག་ལ་བསྲུང་སྡོམ་དང༌། བསྟན་པ་ལ་ཕན་བློ་མ་ཞན་ཅིག་གསུངས་བྱུང་བ། དེ་མ་ཐག་ན་བཟའི་མཐར་བཟུང་བར་བརྩམས་པས་ཕྱག་བརྐྱངས་ཀྱང་ཇེ་མཐོ་ཇེ་མཐོར་སོང་ནས་མ་ཟིན་པའི་དབང་གིས་བཤུམ་བཞིན་འབོད་པའི་ཉམས་ཤར་བ། དེའི་རྐྱེན་གྱིས་སྐུ་མདུན་དུ་ཕྱག་མཛོད་ཤེས་བློ་གཟིམས་ཡོད་པའང་གློ་བུར་དུུ་སད་ནས་བསྙུང་བ་མིན་ནམ། དེ་འདྲ་བཤུམ་ཞིང་འབོད་པ་ཅི་ཡིན་ཟེར་བྱུང་ཞེས་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་ཉིད་ཀྱིས་བདག་ལ་ཕྱག་