R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༢
[A:༦༦༢]བྲིས་གནང་བས་མཚོན་དབང་པོ་ཡང་རབ་ཏུ་གྱུར་པའི་ཞལ་སློབ་རྣམས་ལ་ནི་རྨི་ལམ་སོགས་སུ་ཞལ་བསྟན་ཞིང་རྗེས་སུ་འཛིན་པར་མཛད་པ་སོགས་རྟགས་མཚན་ཁྱད་པར་དུ་འཕགས་པའང་བྱུང་བར་སྣང་ངོ༌། །དེ་ལྟར་སྐུ་གདུང་རིན་པོ་ཆེ་ཇི་སྲིད་དགུང་ཞག་ཡོངས་སུ་རྫོགས་པ་གྲོལ་ལ་ཉེ་བའི་བར་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་བ་ལ་ཉིན་རེ་བཞིན་རྣམ་གསུམ་རྒྱ་མཆོད་རེས་གཙོས་མཆོད་པའི་རྣམ་གྲངས་དཔག་ཏུ་མེད་པས་རྒྱུན་མ་ཆད་པར་མཆོད་ཅིང་གསོལ་བ་བཏབ་སྟེ་རང་གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་མཐའ་ཡས་པ་གོང་ནས་གོང་དུ་འཕེལ་བར་བགྱིས་ནས། སླར་ཧོར་ཟླ་བཅུ་པའི་ཚེས་ཉེར་གཅིག་གི་ནུབ་གདུང་ཁང་མྱང་འདས་མཆོད་རྟེན་གྱི་དབྱིབས་སུ་བརྩེགས་པའི་ནང་སྤོས་དང་རོལ་མོའི་བྱེ་བྲག་སྣ་ཚོགས་པ་དང་བཅས་སྤྱན་དྲངས། དེའི་ཕྱི་ཉིན་ཚེས་ཉེར་གཉིས་ཀྱི་ཐོ་རངས་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་གཏེར་མཛོད་མཁན་རིན་པོ་ཆེ་ཁྲི་ཐོག་པ་དཔལ་ལྡན་བློ་གྲོས་རྒྱལ་མཚན་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་བཞུགས་ཏེ་བསྙེན་སྒྲུབ་མཐར་ཕྱིན་པའི་དགེ་སློང་རྡོ་རྗེ་འཛིན་པ་བཅུ་ཕྲག་གཅིག་འཁོར་དང་བཅས་པས་དཔལ་ཀྱེ་རྡོ་རྗེའི་སྒོ་ནས་སྐུ་གདུང་རིན་པོ་ཆེར་ཞུགས་ཕུལ་བ་དང༌། དེ་དང་མཉམ་དུ་བདག་ཅག་དཔོན་སློབ་བཅུས་བཅོམ་ལྡན་འདས་ཀུན་ཏུ་རིག་པ་ཆེན་པོའི་སྒོ་ནས་ཞུགས་ལ་བཞེན་པའི་ཞབས་ཏོག་ཚུལ་བཞིན་བསྒྲུབས་ཏེ། དེའང་ཐོག་མར་ཞུགས་ཕུལ་བའི་སྐད་ཅིག་དང་པོ་ཉིད་ནས་གློ་བུར་དུ་ཡེ་ཤེས་ཀྱི་མེ་རང་བྱུང་དུ་འབར་བ་ལྟ་བུའི་གདུང་ཁང་གི་ནང་ཐམས་ཅད་ཁྱབ་ཅིང་དུད་པ་རྣམས་དང་པོ་དགོན་པའི་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་ཐལ་བྱུང་དུ་སོང་སྟེ་ཆོས་གྲྭ་ཆེན་པོ་ཉིད་ལ་གཡས་བསྐོར་དང་བཅས་མཐར་ནམ་མཁའི་དབྱིངས་སུ་སོང་བའི་རྐྱེན་