R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༣
[A:༦༦༣]གྱིས། དེའི་སྔོན་ནམ་མཁའ་ཐམས་ཅད་གཡའ་དང་བྲལ་བ་ལ་འཇའ་སྤྲིན་ཁ་དོག་སྣ་ཚོགས་པ་གཟུགས་དབྱིབས་མི་འདྲ་བ་གྲངས་མེད་པར་གྱུར་པས་ཁྲིག་མེར་ཁྱབ་པར་གྱུར་ལ། མེ་ལྕེ་རྣམས་ཀྱང་སྔོ་ཞིང་དྭངས་པ་རྩཱ་ལྗང་གཤིབས་པ་ལྟར་འབར་བའི་རྩེ་མོར་མེ་ཏོག་ལ་སོགས་པ་མཆོད་རྫས་སྣ་ཚོགས་པའི་དབྱིབས་སུ་གསལ་བ་དང༌། སྤོས་ཀྱི་རིགས་བགྲང་དུ་མེད་པས་ཀྱང་ཆ་ཙམ་མཚོན་པར་མི་ནུས་པའི་དྲི་བཟང་པོས་གླིང་ཐམས་ཅད་དུ་ཁྱབ་པ་སོགས་ངོ་མཚར་བའི་ལྟས་ཀྱིས་སྐྱེ་འགྲོ་ཐམས་ཅད་ཕྱིར་མི་ལྡོག་པའི་དད་པ་བརྟན་པོ་ལ་བཀོད་དེ་སྙིང་གི་དཀྱིལ་ནས་གསོལ་བ་འདེབས་པའི་སྒྲ་དིར་དིར་དུ་སྒྲོགས་པར་གྱུར་ཏོ། །དེ་ལྟར་གདུང་བཞུ་གྲུབ་ནས་བླ་བྲང་མཁན་རིན་པོ་ཆེའི་མདུན་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་དང༌། དངུལ་གྱི་ཏིང་ཕོར་སོགས་མཆོད་ཆའི་རིགས་དང༌། གོས་ཆེན་གྱི་སྐུ་སྟོད་སོགས་ན་བཟའི་རིགས་དང༌། ལྗོན་འདབ་འཁོར་དྲུག་གཉིས་ལ་སོགས་པའི་དངོས་འབུལ་ཟབ་ཅིང་རྒྱ་ཆེ་བ་དང༌། གྲྭ་རིགས་བྱིངས་ལའང་རྣམ་གཞག་ཡོན་འབུལ་ལ་སོགས་པའི་བསྙེན་བཀུར་ཟབ་རྒྱས་སུ་མཛད། དེ་ནས་ལྕགས་མོ་ལུག་གི་ལོ་ཤར་བའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་གདུང་ཁང་ཞལ་ཕྱེ་བ་ན་ནམ་མཁའ་ཐམས་ཅད་སྤྲིན་དང་བྲལ་བ་ལ་རླུང་སེར་བུ་ཅུང་ཟད་ལྡང་བ་དང་བཅས་མེ་ཏོག་གི་དབྱིབས་ལྟ་བུའི་གངས་ཀྱི་ཟེགས་མ་ཐར་ཐོར་དུ་བབ་ཅིང༌། གདུང་རུས་རྣམས་ནི་ཟླ་བ་ཞུན་མའི་མདོག་ལྟ་བུ་ཤིན་ཏུ་དཀར་བ་ཅུང་ཟད་ཅིག་ལས་མི་སྣང་ཞིང༌། གང་བཞུགས་དེ་རྣམས་ལ་དཔལ་ཀྱེ་རྡོ་རྗེ་དང༌། ཁྱད་པར་ཀུན་རིག་གི་བསྙེན་པ་འབུམ་ཕྲག་གཅིག་འགྲོ་ངེས་བགྱིས་པའི་སྒོ་ནས་ཚུལ་བཞིན་དུ་བསྒྲུབས་པའི་བུམ་ཆུས་