R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༤
[A:༦༦༤]སྐུ་ཁྲུས་ཡང་ཡང་གསོལ་བ་དང༌། སླར་གདུང་རུས་རྣམས་ཞིབ་པར་འདུར་ཏེ་རིན་པོ་ཆེའི་ཕྱེ་མ་དང༌། དྲི་ཞིམ་པོའི་ཆུས་སྤྲུས་པའི་འཇིམ་པ་གཙང་མ་དང་ལྷན་ཅིག་ཏུ་བསྲེས་ནས་འཇིམ་པ་བྱིན་རླབས་སྔོན་དུ་འགྲོ་བའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་དང་བཅས་པའི་སྐུ་འདྲ་དང༌། སཱཙྪ་བརྒྱ་སྐོར་ཙམ་བཏབ་པ་ལ་ཀུན་རིག་གི་སྒོ་ནས་རབ་ཏུ་གནས་པ་བརྒྱ་རྩ་བགྱིས། སླར་ཡང་སཱཙྪ་ལ་སོགས་པའི་རྟེན་རྣམས་ལྷ་སོ་བདུན་དུ་བསྐྱེད་པ་ལ་ཡེ་ཤེས་པ་སྤྱན་དྲང་བ་སོགས་མདོར་ན་ཆོ་གའི་སྦྱོར་དངོས་རྗེས་གསུམ་རྣམ་པར་དག་པའི་སྒོ་ནས། རྒྱུད་ལས། སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང༌། །འབུམ་ཕྲག་གཉིས་ཀྱི་བར་དུ་བཟླ། །ཞེས་གསུངས་པ་ལྟར་ཞག་བཅུ་གསུམ་ཙམ་གྱི་རིང་དགེ་འདུན་བཅོ་ལྔས་རྩ་རིགས་འབུམ་ཕྲག་གཉིས་འགྲོ་ངེས་ཀྱི་ཆོ་ག་རྣམ་པར་དག་པས་ཚུལ་བཞིན་དུ་བསྒྲུབས་སོ། །དེ་བཞིན་དུ་གདུང་ཐལ་རྣམས་ལའང་གཙུག་ཏོར་དྲི་མེད་དང༌། རྟེན་འབྲེལ་སྙིང་པོ་སོགས་ཀྱི་གཟུངས་གཞུག་ཅན་གྱི་སཱཙྪ་འབུམ་ཕྲག་གཅིག་དང་ཁྲི་ཚོ་གསུམ་གསུམ་བཏབ་པ་ལ་རབ་ཏུ་གནས་པ་ནན་ཏན་དུ་བགྱིས། ལོ་དེའི་ནང་བླ་མ་གོང་མའི་བཞེད་པ་ཇི་ལྟ་བ་བཞིན་ཆགས་ཚད་རྣམ་པར་དག་པ་དང་ལྡན་པའི་ཕྱི་རྟེན་ཁང་བུ་བརྩེགས་པའི་མཆོད་རྟེན་ཚུལ་བཞིན་པའི་ནང་ཐམས་ཅད་སྐུ་གདུང་རིན་པོ་ཆེའི་ཆ་ཤས་ལས་གྲུབ་པའི་སཱཙྪ་རྣམས་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་གཟུངས་ཀྱི་ཚོགས་གྲངས་མེད་པས་ཕྱུར་བུར་གཏམས་པ་སོགས་མཚན་ཉིད་དང་ལྡན་པར་བསྒྲུབས་པ་ལ་བདག་ཅག་དཔོན་སློབ་བཅུ་སྐོར་གྱིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྒོ་ནས་རབ་ཏུ་གནས་པ་ལེགས་པར་བགྱིས་པ་ཡིན་ལ། དེ་དག་ཏུ་མ་ཟད་དང་པོ་ཐུགས་དམ་མ་གྲོལ་བ་ནས་བཟུང་རིམ་