[A:༦༦༦]ཞབས་ཀྱི་མཆོག་སྤྲུལ་རིན་པོ་ཆེར་དར། ཇ་བག་གཉིས་བཅས་བསྔོ་སྨོན་རྟེན་དུ་ཕུལ་བ་དང༌། དགོན་རི་མཐིལ་དུ་མང་ཇ། །སློབ་དཔོན་སོ་སོར་བསྔོ་རྟེན་སོགས་ཕུལ་བ་དང༌། གཞན་ཡང་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་བཞུགས་གནས་མང་མཁར་མུ་གུ་ལུང་དང༌། གཏུམ་སྟོན་བློ་གྲོས་གྲགས་ཀྱིས་བཏབ་པའི་སྣར་ཐང་བྱང་ཆུབ་ཆེན་པོའི་དབེན་གནས་དང༌། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་གདན་ས་འབྲས་ཡུལ་སྐྱེད་མོས་ཚལ་དང༌། དཔལ་ཤཱཀྱ་མཆོག་ལྡན་གྱི་གདན་ས་ཐུབ་བསྟན་གསེར་མདོག་ཅན་དང༌། ཀུན་མཁྱེན་བསོད་ནམས་སེང་གེས་བཏབ་པའི་རྟ་ནག་ཐུབ་བསྟན་རྣམ་རྒྱལ་དང༌། མུས་རབ་འབྱམས་པ་ཐུགས་རྗེ་དཔལ་བཟང་གིས་བཏབ་པའི་ཐུབ་བསྟན་ཡངས་པ་ཅན་དང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་འདར་གྲོང་མོ་ཆེ་དང༌། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཏབ་པའི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང༌། དཔལ་ལྡན་ས་སྐྱའི་གདན་ས་འོག་མར་གྲགས་པ་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་སོགས་གཙང་ཕྱོགས་ཉེ་སྐོར་གྱི་དགོན་པ་ལྔ་བཅུ་ལྷག་པའི་བླ་མ་ཕལ་ཆེ་བར་བསྔོ་རྟེན་དང་རྟེན་གསུམ་རྣམས་ལ་མཆོད་འབུལ་ཟབ་རྒྱས། འདུས་ཚོགས་རྣམས་ལ་མང་ཇ་གྲལ་འགྱེད་ཅི་རིགས་པར་འབུལ་བ་སོགས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་རྣམ་དཀར་གྱི་མཛད་པ་བསམ་ལས་འདས་པ་བསྒྲུབས་ཤིང༌། ཁྱད་པར་ལུག་གི་ལོ་ས་ག་ཟླ་བའི་ནང་དཔལ་ཨེ་ཝྃ་ཆོས་ཀྱི་ཕོ་བྲང་དུ་ངོར་ཆེན་རྡོ་རྗེ་འཆང་གི་དགོངས་རྫོགས་ངོར་ལུགས་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་ཆེན་པོ་བཙུགས་པའི་སྐབས་སུ་འཕར་མ་ཉིན་གཅིག་བཙུགས་པར་མཛད་དེ། དེའི་སྐབས་སུ་གཙུགས་ལག་ཁང་དུ་བཞུགས་པའི་རྟེན་ཁྱད་པར་དུ་འཕགས་པ་རྣམས་ཀྱི་སྤྱན་