R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༧
[A:༦༦༧]སྔར་རྣམ་གསུམ་བརྒྱ་མཆོད་གཉིས་དང༌། བདེ་ཀྱེ་གསང་གསུམ་གྱི་དཀྱིལ་འཁོར་ཆེན་པོ་རྣམས་ལ་མཆོད་པའི་ཚོགས་རྒྱ་ཆེན་པོ། འཕགས་མཆོག་འདུས་པ་རྒྱ་མཚོར་མང་ཇའི་བསྙེན་བཀུར་ཤིན་ཏུ་ཟབ་རྒྱས་སུ་ཞུས་པའི་ཐོག་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་བློ་གྲོས་རྒྱལ་མཚན་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་བཞུགས་པའི་སྤྱན་སྔར་སྐུ་གསུང་ཐུགས་ཀྱི་རྟེན། དར་གོས་ཆེན་ལ་སོགས་པའི་ཚན་གྲངས་ཤིན་ཏུ་མང་བ། ལྗོན་ཇ་འཁོར་གཉིས། ཤིང་ཐོག་དང༌། འབྲས་དོས་ལ་སོགས་པའི་འབུལ་བ་རྒྱ་ཆེ་བ་དང༌། དཔོན་སློབ་ལ་སོགས་པའི་ལས་ཚན་སོ་སོར་རྣམ་གཞག་གང་ཟབ་དང༌། སྔ་ཚོགས་སུ་གྲ་པ་བཅུ་རེ་ལ་ལྗོན་ཇ་བག་རེ་དང༌། ཕྱི་ཚོགས་སུ་དངུལ་ཊཾ་རེའི་ཕྱག་འགྱེད་དང༌། བཀྲ་ཤིས་པའི་ལྷ་རྫས་དྲི་མ་མེད་པའི་ཚབ་ར་བཅས་ཕུལ་བ་དང༌། གཞན་ཡང་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་སྔོན་གང་དུ་གདན་ཆགས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མཛད་པ་སྣ་ཚོགས་པ་མཛད་པའི་གནས་བྱིན་རླབས་ཅན་གཟིམས་ཆུང་ཁག་རྣམས་དང༌། ཨེ་ཝྃ་བླ་བྲང་གཞུང་གི་ལམ་འབྲས་ལྷ་ཁང་སོགས་ལྷ་ཁང་ཁག་རྣམས་སུ་རེས་མོས་ཀྱིས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཞིའི་ཉིན་རྣམ་གསུམ་བརྒྱ་མཆོད་དང་བཅས་ཏེ་དགེ་སློང་བཅུའམ་བཅོ་ལྔ་གང་རིགས་བསྙེན་བཀུར་གྱ་ནོམ་པས་མཉེས་པར་བྱས་ཏེ་བླ་མ་མཆོད་པའི་ཆོ་ག་ཟབ་རྒྱས་དང་འབྲེལ་བར་མི་ཕྱེད་དད་པའི་གདུང་དབྱངས་ཀྱིས་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་བ་འདེབས་པའང་རྒྱུན་མི་འཆད་པར་མཛད་དོ། །ཡང་སྐུ་མྱ་ངན་ལས་འདས་པའི་ཕྱིས་ལོ་ལྕགས་མོ་ལུག་ལོའི་ཧོར་ཟླ་གཉིས་པའི་ནང་དུ་རྟ་ནག་ལྷ་བྲིས་པས་རྗེ་ཉིད་ཞི་བར་གཤེགས་པའི་དུས་ཆེན་གྱི་ཉིན་བཤམ་རྒྱུའི་དུས་ཐང་རིན་པོ་ཆེ་རྗེ་རྡོ་རྗེ་འཆང་དེ་