[A:༦༦༨]ཉིད་གཙོ་བོར་བཞུགས་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་དཔག་ཏུ་མེད་པས་བསྐོར་བ་ཤིན་ཏུ་ཆེ་ལེགས་ཤིག་བཞེངས་ནས་དཔོན་སློབ་འགའ་ཞིག་གིས་རབ་ཏུ་གནས་པ་རྒྱས་པར་མཛད། ལོ་དེའི་ཧོར་ཟླ་དགུ་པའི་ཚེས་བཞིའི་ཉིན་དུས་ཐང་རིན་པོ་ཆེ་གཙུག་ལག་ཁང་དུ་གདན་དྲང་པ་དང་ཆབ་ཅིག་འདུས་པ་རྒྱ་མཚོར་བླ་མཆོད་ཉིན་གཉིས་གཙུགས་པར་མཛད་པ་ལའང་ཕྱག་འགྱེད་དངུལ་ཊཾ་རེ་དང༌། དེའི་ཕྱི་ཉིན་དངུལ་ཞོ་རེ་ཕུལ་བར་མཛད། དེ་མཚུངས་དཔལ་མཆོག་རིགས་བསྡུས་དང༌། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་གཉིས་ཀྱི་དཀྱིལ་ཐང་ཤིན་ཏུ་ལེགས་པ་རེའང་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་པ་དང་མཐུན་པར་ཞབས་དྲུང་རིན་པོ་ཆེ་ཉིད་ནས་ཆེད་དུ་བཞེངས་པར་མཛད་ཅིང༌། གཞན་ཡང་དགོན་པའི་དགེ་སློང་འགའ་ཞིག་ལ་ཡོན་འབུལ་ལ་སོགས་པའི་བསྙེན་བཀུར་ཟབ་རྒྱས་སུ་མཛད་ནས་སྔ་ཕྱིར་སྨྱུང་གནས་ཆ་བཞི་བཅུ་ཞེ་ལྔ་སྐོར་དང༌། ཤེར་ཕྱིན་བརྒྱད་སྟོང་པ་ལྔ་བཅུ་ལྷག་པར་སྒྲོགས་སུ་སྩལ་བ་དང༌། དུས་ཕྱིས་མེ་ཕོ་བྱི་བའི་ལོའི་ཧོར་ཟླ་དང་པོའི་ནང་རྩེ་གདོང་ནས་དངུལ་མགར་ཤིན་ཏུ་མཁས་པ་གསུམ་འབོད་པར་མཛད་དེ། གསེར་ཟངས་ལས་གྲུབ་པའི་འདྲ་སྐུ་རིན་པོ་ཆེ་མདའ་ཚད་ལྷག་ཙམ་ལ་བཞུགས་ཁྲི་རྒྱབ་ཡོལ་དང་བཅས་པ་དང༌། རིན་ཆེན་གཉིས་པ་འདེགས་སྲང་བརྒྱ་ཕྲག་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་མདའ་ཚད་ལྷག་ཙམ་ཡོད་པ་རིན་ཐང་གཞལ་བར་དཀའ་བའི་རིན་པོ་ཆེའི་ཕྲ་རྒྱན་གྱ་ནོམ་པ་མང་པོས་མཛེས་པར་སྤྲས་པ་དང་བཅས་ཟླ་བ་བཞིའི་ཁོངས་སུ་གྲུབ་པ་ལ་ཁྱད་པར་དུ་འཕགས་པའི་རིང་བསྲེལ་དང༌། སྐུ་འདྲ་ལི་མ། བྱིན་རྟེན་སྣ་ཚོགས་པ། སྐུ་གདུང་རིན་པོ་ཆེའི་ཆ་ཤས་ལས་གྲུབ་པའི་སྐུ་འདྲ་རྣམས་དང༌། ཁྱད་པར་འདྲ་སྐུ་རིན་པོ་ཆེར་སྲོག་ཤིང་བརྟན་པའི་