R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༩
[A:༦༦༩]གཟུངས་བླ་མ་བརྒྱུད་པའི་མཚན་འབུམ་ནས་བཟུང་བཀྲ་ཤིས་ཀྱི་བར་རྒྱུད་སྡེ་བཞི་དང་འབྲེལ་བའི་གཟུངས་རྒྱས་པ་ཆ་ཉི་ཤུའི་སྐོར་དང༌། དངུལ་གདུང་རིན་པོ་ཆེར་ཆ་བཅོ་ལྔ་སྐོར་དང་བཅས་པས་ཕྱུར་བུར་བཀང་སྟེ། མགོན་དཀར་ཡིད་བཞིན་ནོར་བུའི་སྒོ་ནས་བསྒྲུབས་པའི་གཏེར་བུམ་དང༌། གནོད་སྦྱིན་འཁོར་ལོ་ཚད་ལྡན་གྱིས་ཞབས་བསྡམས་པའི་བར་རྗེ་བཙུན་གོང་མའི་བཞེད་པ་ཇི་ལྟ་བ་ལ་འཁྲུལ་པའི་དྲི་མས་ཅུང་ཟད་ཙམ་ཡང་མ་སྦགས་པར་ལེགས་པར་བསྒྲུབས་སོ། །དེ་དག་གི་སྐབས་སུ་སྟོན་མོ་དང༌། རྒྱུན་གྱི་བཟའ་བཏུང་དང༌། ཡོན་འབུལ་དང༌། གནང་སྦྱིན་ལ་སོགས་པ་ཕུན་སུམ་ཚོགས་པ་དག་གིས་ཤིན་ཏུ་ཚིམ་པར་མཛད་པས་དགའ་ཞིང་མགུུ་ ལ་ཡིད་རབ་ཏུ་དྭངས་པའི་བཟོ་རིག་པ་རྣམས་ཀྱང་བཞིན་རས་ཀྱི་ཟླ་བ་སྤྲིན་དང་བྲལ་བ་ལ་འཛུམ་དཀར་གྱི་འོད་ཟེར་རྣམ་པར་མང་པོ་གཡོ་ཞིང་དགའ་སྤྲོའི་གླུ་དང་བསྔགས་བརྗོད་ཀྱི་ཕྲེང་བ་གྲངས་མེད་པ་དང་བཅས་ཏེ་ཆས་པར་གྱུར་ཏོ། །དེ་ལྟར་ཚུལ་བཞིན་བཞེངས་པའི་རྟེན་ཁྱད་པར་དུ་འཕགས་པ་དེ་དག་ལ་ཐོག་མར་ཚེ་དཔག་ཏུ་མེད་པ་ལ་བརྟེན་པའི་རབ་གནས་ཉིན་གཅིག་དང༌། དེ་རྗེས་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་དབུར་བཞུགས་པའི་བདག་ཅག་དཔོན་སློབ་བཅོ་ལྔས་ཉིན་ལྔའི་བར་དུ་དཔལ་ཀྱེ་རྡོ་རྗེའི་སྒོ་ནས་བཟང་པོ་དྲུག་ལྡན་གྱི་རབ་ཏུ་གནས་པ་ཤིན་ཏུ་རྒྱས་པ་ཞིག་མཛད་དེ། དེ་དག་གི་སྐབས་སུའང་ཁྱད་པར་དུ་འཕགས་པའི་རྟེན་གསར་རྙིང་རྣམས་ཀྱི་སྤྱན་སྔར་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལ་འགྲན་པར་བཟོད་པའི་མཆོད་པའི་ཕྲེང་བ་གྲངས་མེད་པས་མངོན་པར་མཆོད་ཅིང༌། རིམ་གཉིས་ཀྱི་རྟོག་པ་བརྟན་པོ་ལ་དབང་འབྱོར་པའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ལ་ཇི་ལྟར་བཞེད་པའི་